ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་24ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་གནང་བའི་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པའི་དུམ་བུ་གཉིས་པ་སྟེ་ལྷ་ས་སྐོར་བའི་འགྲན་བསྡུར་འགོ་ཚུགས་པ་དང་། ལུས་རྩལ་པ་150ལྷག་ཙམ་ལྷ་སར་འཛོམས་ནས་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་མྱུར་ཚད་དང་སྤྲོ་སེམས་ངོམ་པ་རེད།
ཚེས་24ཉིན་གྱི་སྔ་དྲོར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་འགྲམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོ་ཡོད། ཆུ་ཚོད་10པའི་ཐོག་ལྟད་མོ་བ་ཚོའི་རེ་སྒུག་ཆེན་མོའི་ཁྲོད་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་དང་། འགྲན་ཞུགས་པ་ཚོས་མདའ་མོ་ལྟོང་ལས་ཤོར་བ་བཞིན་མདུན་དུ་རྒྱུག་པ་དང་། འགྲན་ལམ་ཐོག་ཕན་ཚུན་རྗེས་སྙེག་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས། འགྲན་ལམ་གྱི་གཡས་གཡོན་དུ་འགྲན་བསྡུར་ལ་ལྟ་མཁན་མང་ཚོགས་ཀྱིས་ཤུགས་རྒྱོབ་ཅེས་པ་དང་ངར་སྐད་ཀྱི་སྒྲ་རྒྱུན་ཆད་མེད་པར་གྲགས་བཞིན་ཡོད།
ཆུ་ཚོད་གཉིས་ཙམ་རིང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། SJQརྐང་འཁོར་རུ་ཁག་ནས་ཡོང་བའི་RIKUNOV Petrདང་། BBHརུ་ཁག་ནས་ཡོང་བའི་GATE Aaron Murray BBH རུ་ཁག་ནས་ཡོང་བའི་JACKSON Georgeབཅས་ལ་ཁག་སོ་སོར་ལྷ་སའི་འགྲན་དུམ་གྱི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་རེད། LNSརུ་ཁག་ནས་ཡོང་བའི་ཧྲའོ་ཅུན་ཆི་ལ་ལྷ་སའི་འགྲན་དུམ་གྱི་ཨེ་ཤེ་ཡའི་མི་སྒེར་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་དང་། BBHརུ་ཁག་ནས་ཡོང་བའི་GATE Aaron Murrayལ་ལྷ་སའི་འགྲན་དུམ་གྱི་མཐའ་མའི་གདོང་མཆོང་རྒྱལ་པོ་དང་ལྷ་སའི་འགྲན་དུམ་གྱི་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོའི་མཚན་སྙན་ཐོབ་པ་རེད།
RIKUNOV Petrགྱིས་དེ་རིང་གི་འགྲན་དུམ་འདིའི་འགྲོས་ཧ་ཅང་མགྱོགས་པོ་འདུག རྒྱལ་ཁབ་མང་པོ་ཞིག་འགྲན་དུམ་འདིའི་ནང་ཞུགས་ཡོད། ངས་ང་ཚོའི་རུ་མི་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོས་ང་ལ་གདོང་མཆོང་གི་གོ་སྐབས་བསྐྲུན་ནས་ང་ཚོའི་ཚོགས་པར་གཟི་བརྗིད་མཚན་སྙན་ཐོབ་ཏུ་བཅུག་པ་རེད་ཅེས་བཤད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社