分享按钮

2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་འགོ་ཚུགས་པ།

པར་འདི་ནི་འགོ་ཚུགས་མཛད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མཐའ་རུ་སོན་རྒྱུར་འབད་བརྩོན་བྱེད། རྐང་འཁོར་བཏང་ནས་ས་མཐོར་སྐྱོད། ཟླ་8ཚེས་21ཉིན་གྱི་སྔ་དྲོར།2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

ལྷ་སའི་ནམ་མཁའ་སྔོ་ཞིང་དྭངས་ཤིང་ཕོ་བྲང་པོ་ཏ་ལ་ནི་ཉི་འོད་འོག་ཏུ་བརྗིད་ཆགས་ལྟ་ན་སྡུག འགོ་ཚུགས་མཛད་སྒོར་ཀྲུང་གོ་དང་། སི་ཕེན། ཧ་སག་སི་ཐན་སོགས་རྒྱལ་ཁབ་ནས་ཡོང་བའི་འགྲན་ཞུགས་རྐང་འཁོར་རུ་ཁག་22རིམ་བཞིན་ཐོན་པ་དང་སྦྲགས། འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པའི་རབ་ཏུ་འཕེལ་བའི་སྤོབས་པ་ལས་ཁོང་ཚོའི་ལང་ཚོའི་གསོན་ཤུགས་དང་ལུས་རྩལ་ཀྱི་སྙིང་སྟོབས་མངོན། དེ་རྗེས་ངོ་མཚར་ཆེ་བའི་རིག་རྩལ་རིམ་བཞིན་འཁྲབ་སྟོན་བྱས་ཤིང་། བོད་རིགས་ཀྱི་སྲོལ་རྒྱུན་གླུ་གར་དང་དེང་རབས་སྒྱུ་རྩལ་གྱིས་བོད་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་གསོན་ཤུགས་མཚོན་པར་བྱས་ཡོད།

ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་སྤྱི་རྒྱལ་ནང་གི་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་ནས་རྩེར་སོན་གྱི་རྐང་འཁོར་རུ་ཁག་མང་པོ་ཞིག་གིས་མིང་ཐོ་བཀོད་ནས་འགྲན་བསྡུར་ནང་ཞུགས་ཡོད། འགྲན་བསྡུར་བདེ་འཇགས་དང་བདེ་བླག་ངང་སྤེལ་ཆེད། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་གི་སྔ་ཕྱི་བར་གསུམ་གྱི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་འགྲན་བསྡུར་ནང་ཞུགས་མཁན་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་རམ་འདེགས་བྱས་པ་དང་། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་ངོ་སྤྲོད་བྱེད་པའི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་འགྱུར་བར་བྱས་ཡོད།

2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་གྱི་སྣེ་ལེན་འགན་ལེན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་བསྟན་པ་ཆོས་རྒྱལ་གྱིས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ཅུས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱི་མཛུབ་ཁྲིད་འོག་དང་། སྒྲིག་འཛུགས་ཨུ་ལྷན་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་གྲོང་ཁྱེར་ཁག་གི་གཞོགས་འདེགས་འོག ང་ཚོས་ད་རེས་ཀྱི་ལུས་རྩལ་པར་མགྲོན་ཁང་16བཀོད་སྒྲིག་བྱས་པ་དང་། མགྲོན་ཁང་ཚང་མར་བཟའ་བཅའ་དང་། སྨན་རྫས་ལྟ་སྐུལ། བདེ་སྲུང་། སྨན་བཅོས་འགན་ལེན་ཚོགས་པ་བཅས་བཀོད་སྒྲིག་བྱས་ཡོད། རྗེས་མའི་དུས་ཚོད་ནང་ང་ཚོས་མུ་མཐུད་ནུས་ཤུགས་ཡོད་རྒུས་སྣེ་ལེན་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་བཞི་བདེ་བླག་ངང་གཉེར་ཐུབ་ནས་2023ལོར་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་རིམ་པ་2.2ཀྱི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དུ་དངོས་སུ་ཚུད་པ་དང་། རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་ཨེ་ཤེ་ཡའི་འགྲན་བསྡུར་གྱི་ཉིན་རེའི་ལས་རིམ་ནང་བཅུག་ནས། ད་ཆ་བོད་ཀྱི་གཟུགས་བརྙན་མངོན་པ་དང་བོད་ཀྱི་རིག་གནས་ཁྱབ་སྤེལ་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། བོད་ཀྱི་ལུས་རྩལ་བྱ་གཞག་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུའང་གྱུར་ཡོད།

2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པའི་འགྲན་བསྡུར་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས། ལུས་རྩལ་པ་ས་མཐོར་གོམས་པའི་བརྒྱུད་རིམ་ཞིག་དགོས་པས། ང་ཚོའི་ཐེངས་འདིའི་འགྲན་བསྡུར་དེ་ཤར་ནས་ནུབ་ཏུ་སྐྱོད་པ་དང་། ས་བབ་དམའ་ས་ནས་ས་བབ་མཐོ་སར་སྐྱོད་པའི་ལམ་ཐིག་ཇུས་འགོད་བྱས་ཡོད། འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་ས་བབ་སྨི་3000གཡས་གཡོན་ཡོད་པས་འགྲན་སློང་རང་བཞིན་ཅུང་ཆེན་པོ་ཡོད། དེས་མ་ཟད་ད་ལོའི་འགྲན་བསྡུར་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ཅེས་བཤད།

འགོ་ཚུགས་མཛད་སྒོ་འཚོགས་རྗེས་འགྲན་བསྡུར་ནང་ཞུགས་མཁན་རྣམས་ཉིང་ཁྲིར་བསྐྱོད་ནས་ཟླ་8པའི་ཚེས་23ནས་ཚེས་25བར་ཉིང་ཁྲི་དང་། ལྷ་ས། གཞིས་ཀ་རྩེ་སོགས་སུ་འགྲན་བསྡུར་བྱ་རྒྱུ་རེད།

ཧོན་ཧྲེང-scom-ཐའེ་ཧྲན་ལུས་རྩལ་གླིང་སྐྱོད་རུ་ཁག་གི་རྩལ་འཁྲིད་པ་ཝང་པོ་ཁྲའོ་ཡིས་གསར་འགོད་པར། ང་ཚོ་ནི་ཡུན་ནན་ནས་ཡོང་བའི་རླངས་འཁོར་རུ་ཁག་ཅིག་ཡིན། ན་ནིང་གི་འགྲན་བསྡུར་ཁྲོད། མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་ཐོབ་བྱུང་། ད་ལོར་ང་ཚོ་མི་དྲུག་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པས་ཨང་དང་པོ་ཐོབ་པའི་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།

ཁྲེང་ཏུའུ་གླིང་སྐྱོད་རུ་ཁག་གི་རུ་མི་སུན་ཀྲེང་ཧྲོའེ་ཡིས། ང་ཚོ་འགྲན་བསྡུར་ནང་ཞུགས་ཐེངས་གཉིས་པ་ཡིན། ད་ཆ་གནམ་གཤིས་ཧ་ཅང་སྐྱིད་པོ་འདུག ན་ནིང་ང་ཚོའི་རུ་མིར་ཨེ་ཤེ་ཡའི་ཨང་དྲུག་པ་ཐོབ་ཡོད། ད་ལོར་ང་ཚོའི་རུ་ཁག་ལ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད། ངའི་དམིགས་ཡུལ་ནི་ཨེ་ཤེ་ཡའི་ཨང་གསུམ་པ་ཐོབ་རྒྱུར་དམིགས་རེ་བྱེད་ཀྱི་ཡོད། ད་ལྟ་གྲ་སྒྲིག་ཧ་ལམ་བྱས་ཚར་སོང་ཞེས་བཤད།

སི་ཕེན་གྱི་པུར་ཀེ་སི-BHརུ་ཁག་གི་རུ་མི་George Jacksonཡིས། ད་ལོ་ནི་ང་དང་ངའི་རུ་ཁག་བོད་དུ་རྐང་འཁོར་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན། འདི་གར་གནམ་གཤིས་ཧ་ཅང་བསིལ་པོ་འདུག ང་ཚོས་གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 6 6 拉萨日报藏文 c186633.html 1 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་འགོ་ཚུགས་པ། /enpproperty-->