分享按钮

རང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་16ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན(གཤམ་དུ་བོད་ལྗོངས་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ཞེས་བསྡུ་རྒྱུ)གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་འཕེལ་རིམ་གསར་ཤོས་ངོ་སྤྲོད་བྱས་པ་རེད།

རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཐིང་ཀྲང་གཞོན་པ། སྐོར་ཞིབ་པ་རིམ་པ་དང་པོ་བཅས་ཡིན་པའི་ཧྲའོ་ཁྲང་གིས་ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དང་འབད་བརྩོན་ལྷོད་མེད་བྱས་པ་རྒྱས་བཤད་ཞིབ་ཕྲ་གནང་བ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་མི་སྤྱི་ཚན་པས་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་པའི་ལས་དོན་ཚོགས་འདུའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་ཤེས་ལྡན་པའི་ལས་དོན་དོན་ཚན་བཅུ་དགུ་དེ་བྱ་སྤྱོད་ཀྱི་རྩ་འཛིན་དུ་བྱས་ཏེ། བཀོད་སྒྲིག་ཞིབ་ཚགས་དང་། གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ལག་བསྟར་བྱས་ཏེ། ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་དེ་གྲངས་ཚད་ནས་སྤུས་ཚད་བར་མཆོང་སྐྱོད་ཡོང་བར་སྐུལ་འདེད་བཏང་བ་རེད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་པ་ཁྲི་11.6ཟིན་པ་དེ་2010ལོ་ལས་བརྒྱ་ཆ་120.1འཕར་བ་དང་། དེའི་ནང་མཐོ་རིམ་པ་མི་ཁྲི་1.37ཟིན་པ་དེ་2010ལོ་ལས་བརྒྱ་ཆ་377.4འཕར་བས། ལྗོངས་ཡོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ལས་དོན་ལ་གྲངས་འབོར་ལོ་རེ་བཞིན་འཕར་བ་དང་། གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། རིམ་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

གླེང་རིན་ཡོད་པ་ཞིག་ནི། ད་ལོ་ནི་ཁག་བཞི་པའི་རང་ལྗོངས་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་འགོ་ཚུགས་པའི་ལོ་ཡིན་པ་དང་། ཁག་བཞི་པའི་རང་ལྗོངས་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་གྱིས་མུ་མཐུད་ནས་ཁག་སྔོན་མ་གསུམ་གྱི་རྣམ་པ་དང་བླང་བྱ་གཞིར་བཟུང་། གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་འདེམས་སྒྲུག་དང་གསོ་སྐྱོང་བྱེད་པའི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནོར་སྲིད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གསོ་སྐྱོང་གི་གཞི་ཁྱོན་ཆེ་རུ་བཏང་སྟེ། དམིགས་བསལ་གསོ་སྐྱོང་སློབ་མ་ལོ་རེར་120ནས་180བར་མང་དུ་བཏང་བ་དང་། རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པས་ཞབས་འདེགས་ཞུ་ཚད་ལོ་རེར་ཐེངས་1ནས་ཐེངས་2བར་མང་དུ་བཏང་ཡོད།

རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཐོག་མཐའ་བར་གསུམ་དུ་གཙོ་གནད་འབུར་དུ་ཐོན་པ་དང་། འཕྲལ་མཁོར་སྣང་ཆེན་བྱེད་པ། གཞི་རིམ་ལ་ཁ་ཕྱོགས་པ། ཕུལ་བྱུང་གི་ཁྲོད་ནས་ཕུལ་བྱུང་འདེམས་པ་བཅས་ཀྱི་འདེམས་སྒྲུག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ངེས་གནས་གནད་ལ་འཁེལ་ཞིང་གསོ་སྐྱོང་ཞིབ་ཚགས་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རྐང་འཛིན་ཆེད་ལས་ལག་རྩལ་ཤེས་ལྡན་པ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཤིག་ཏུ་འགྱུར་བར་གཞོལ་བཞིན་ཡོད། དེ་དང་ཆབས་ཅིག་འདེམས་མངགས་ཚན་པ་དང་གསོ་སྐྱོང་ཚན་པའི་དབར་ཕུགས་ཕན་གྱི་སྤེལ་རེས་དང་མཉམ་ལས་ལམ་སྲོལ་ཧུར་ཐག་བཙུགས་ནས། ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་དམིགས་བསལ་གསོ་སྐྱོང་ལས་དོན་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོར།རང་ལྗོངས་ཀྱི་དམིགས་བསལ་གསོ་སྦྱོང་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་ནས་བཟུང་། ཁག་3དང་དུས་ཐེངས་15ལ་སྤེལ་བ་བརྒྱུད། ཞིང་ཆེན(གྲོང་ཁྱེར)21གི་སློབ་ཆེན་དང་། སྨན་བཅོས་སྒྲིག་གཞི། ཚན་ཞིབ་ཁང་བཅས་178ལག་གདང་སྦྲེལ་ནས་མཉམ་སྤེལ་བྱས་པ་དང་། རིམ་རྩིས་བྱས་ན་རང་ལྗོངས་ལ་ས་གནས་འདི་གའི་ཆེད་ལས་ལག་རྩལ་རྐང་འཛིན་ཤེས་ལྡན་པ་1800གསོ་སྐྱོང་བྱས་ཡོད་པ་རེད། གྲངས་གཞི་འདིས་རང་ལྗོངས་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བདེན་དཔང་བྱས་པར་མ་ཟད། རང་ལྗོངས་ཀྱི་ཤེས་ལྡན་པའི་གསོ་སྐྱོང་ཁྱབ་ཁོངས་ཀྱི་དར་ཆ་གསལ་པོ་ཞིག་ཏུ་དེ་བས་ཀྱང་གྱུར་ཡོད། འདིའི་གཏིང་ཟབ་པའི་དོན་སྙིང་དང་ཁྱབ་ཆེའི་ཤུགས་རྐྱེན་གྱིས་འདིའི་ནང་ཞུགས་མཁན་དང་དཔང་པོ་བྱེད་མཁན་སོ་སོར་མུ་མཐུད་ནས་སྐུལ་མ་ཐེབས་ངེས་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-22 6 6 拉萨日报藏文 c186559.html 1 རང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། /enpproperty-->