ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ།ཚེས་20ཉིན་གྱི་ཕྱི་དྲོར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་སྐབས་33པའི་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་དང་མཇལ་འཕྲད་གནང་བ་རེད།ཁོང་གིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་ཁྱེད་ཚོས་རྡོག་རྩ་གཅིག་སྒྲིལ་དང་།ཞུམ་མེད་འབད་བརྩོན།སྔོན་ཐོན་བརྩོན་ལེན།འགན་འཁྲི་འཁུར་བ་བཅས་བྱས་ནས་རང་རྒྱལ་ལ་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱི་རྒྱལ་དུ་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་པ་དང་།འགྲན་བསྡུར་གྱི་སྐར་གྲངས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ལེགས་པོ་བྱུང་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད་ཅེས་ནན་གསུངས་གནང་བ་རེད།ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚང་མ་རྒྱལ་ཁའི་ངང་ཕེབས་པར་དགའ་བསུ་ཞུས་པ་དང་།ཚང་མར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་སྨིན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པར་མ་ཟད།རྒྱལ་ཡོངས་ལུས་རྩལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་ཡང་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅེ་དང་།ཚའེ་ཆི།ལི་ཞི།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧྲན་ཀྲེང་བཅས་མཇལ་འཕྲད་ནང་ཞུགས་ཡོད།
མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་།ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་20ཙམ་ལ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འཐུས་མི་ཚོགས་པའི་ཁོངས་མིའི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དུས་ཡུན་རིང་པོར་གྲགས་ཤིང་།ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།ཁོང་གིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཕུལ་བྱུང་གྲུབ་འབྲས་ནི་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་གྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་ལ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཀྱང་ཡིན་པས།དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་གང་ལེགས་མངོན་ཡོད།རྒྱལ་ཁབ་དར་རྒྱས་བྱུང་ཚེ་ལུས་རྩལ་དར་རྒྱས་ཡོང་།རྒྱལ་ཁབ་སྟོབས་ཆེར་སོང་ཚེ་ལུས་རྩལ་སྟོབས་ཆེར་འགྲོ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社