分享按钮

ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་བདེ་བླག་ ངང་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ཟླ་8ཚེས་20ཉིན་གྱི་ཕྱི་དྲོ་མཇུག་འགྲིལ་བ་དང་། འགྲན་བསྡུར་ནང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་302ཀྱིས་ཕྱར་བ་གྲུ་འདེགས་ཀྱིས་ངོ་མཚར་ཆེ་ལ་མི་སེམས་འགུལ་བའི་འགྲན་བསྡུར་ཤིག་སྤེལ་བ་རེད། ཁོང་ཚོས་འབད་འཐབ་ལ་བརྟེན་ནས་རང་བཀུར་དང་།རང་གཅེས། རང་དར།རང་ཚུགས་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པ་དང་། མི་ཚང་མར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་30ཡི་ཐོག བརྗིད་ཉམས་ལྡན་པའི་རྒྱལ་གླུ་སླར་ཡང་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་གྲགས་ཤིང་། ཉིན་གཉིས་ནང་སྒྲིག་འཛུགས་ཨུ་ལྷན་གྱི་བཀོད་སྒྲིག་ཞིབ་ཚགས་དང་རྒྱ་ཆེའི་ལས་དོན་པའི་སྤྲོ་སེམས་འཁོལ་བའི་ཞབས་ཞུར་བརྟེན་པ་དང་།དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པས་རང་ཉིད་ལས་རྣམ་པར་རྒྱལ་བའི་འབད་འཐབ་ཀྱི་རྣམ་པར་བརྟེན་ནས་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་བདེ་བླག་ངང་མཇུག་འགྲིལ་བ་རེད།

ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་སྐལ་བཟང་གིས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། ང་ཚོས་ལུས་རྩལ་པ་ཚོའི་མཐུན་སྒྲིལ་དང་།མཛའ་གྲོགས།རོགས་རེས་བཅས་ཀྱི་སྙིང་སྟོབས་མཐོང་བྱུང་ལ། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་སྙིང་རུས་ཆེན་པོས་བརྩོན་ལེན་དང་། མཐུན་སྒྲིལ། ཞི་མཐུན་བཅས་ཀྱི་ཁྱད་ཆོས་མངོན་ནས་སྔོན་དཔག་གི་ཕན་འབྲས་ཐོན་པ་དང་། རང་གྲོང་གི་དབང་པོ་སྐྱོན་ཅན་གྱི་རང་བཀུར་དང་།རང་གཅེས།རང་དར། རང་ཚུགས་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོཊ་ནི་སྤྱི་ཚོཊ་ཡ་རབས་དང་ཡར་ཐོན་གྱི་མཚོན་རྟགས་ཤིག་ཡིན་པར་མ་ཟད། རང་གྲོང་གི་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་རང་ཉིད་ལས་རྣམ་པར་རྒྱལ་བ་དང་། མཐར་སོན་ལ་འགྲན་སློང་བྱེད་པ། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་བཅས་ཀྱི་གར་སྟེགས་ཤིག་ཀྱང་ཡིན་པས། ང་ཚོས་ཀྱང་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་དབང་པོ་སྐྱོན་ཅན་སྤྱི་ཚོཊ་འཚོ་བའི་ནང་མཉམ་འདྲེས་ཐུབ་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ཐོབ་སྣང་དེ་བས་མང་བ་དང་། བདེ་སྣང་དེ་བས་རྒྱུན་མཐུད་ཐུབ་པ། སྐྱིད་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།

འདི་ནི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་བ་ཡོངས་ལ་སྤྲོ་སེམས་རབ་ཏུ་འཕེལ་བའི་ཚོཊ་འདུ་གཟབ་རྒྱས་ཤིག་ཡིན།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-22 6 6 拉萨日报藏文 c186551.html 1 ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་བདེ་བླག་ ངང་མཇུག་འགྲིལ་བ། /enpproperty-->