分享按钮

ཀུན་བདེ་གླིང་ཁྲོམ་གཞུང་གིས་ཞིབ་ཚགས་པའི་ཞབས་ཞུར་བརྟེན་ནས་དབྱར་ཁའི་གུང་གསེང་རིང་ཕྲུ་གུ་ལྟ་སྐྱོང་དཀའ་བའི་གནད་དོན་བསལ་བ།

དབྱར་ཁའི་གུང་གསེང་རིང་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་གིས་སྡེ་ཁུལ་ཁག་གི་ཞབས་ཞུའི་ལྟེ་གནས་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས། གཞི་ཁྱོན་ཆུང་བའི་ཏང་དམངས་ཞབས་ཞུའི་ས་ཚིགས་སོགས་ཞབས་ཞུའི་གཡུལ་ས་མང་པོར་བརྟེན་ནས་རྣམ་གྲངས་དང་། བྱེད་སྒོ་སྤེལ་ཡུལ། མི་སྣ། འགྲོ་གྲོན་བཅས་མཐུན་སྦྱོར་ངང་དོན་འཁྱོལ་ཧུར་ཐག་བྱས་ཏེ། སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁྱིམ་གཞིས་ཞེས་པའི་དབྱར་ཁའི་གུང་གསེང་གི་སྤྱི་ཕན་ཚབ་གཉེར་འཛིན་གྲྭ་བཙུགས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་བཏང་བར་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད།

གུང་གསེང་བཞག་ཀྱང་ཕྲུ་གུའི་དོ་དམ་ལ་སྣང་ཆུང་མི་བྱེད་པ།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཀུན་བདེ་གླིང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡིས་ཁོངས་གཏོགས་ཁུལ་གྱི་གཞིས་ལུས་བྱིས་པ་དང་། ལས་རིགས་གསར་པའི་ལས་ཞུགས་མང་ཚོགས་ཀྱི་བུ་ཕྲུག་དང་དེ་བཞིན་གཉིས་ཀ་ལས་བཟོ་བ་ཡིན་པའི་ཁྱིམ་ཚང་བཅས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་བརྟག་ཞིབ་གང་ལེགས་བྱས་རྗེས་གཡུལ་སའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཁྲོམ་གཞུང་གི་ལས་དོན་ཨུ་ལྷན་ཆེན་མོའི་ཁོངས་གཏོགས་ཚན་པར་ཏང་ཡོན་དང་།སྡེ་ཁུལ་གྱི་ལས་དོན་པ། གཞོན་ནུ་སློབ་ཆེན་སློབ་མ་དང་བླངས་པ། ཆེད་ལས་སྒྲིག་གཞིའི་དགེ་རྒན་སོགས་མི་25ལས་གྲུབ་པའི་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁྱིམ་གཞིས་ཞེས་པའི་སྤྱི་ཕན་ཚབ་གཉེར་ཞབས་ཞུའི་ཚོགས་པ་ཞིག་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་ལོ་6ནས་12བར་གྱི་བྱིས་པར་སློབ་གསོ་ཚབ་གཉེར་དང་སྤྱི་ཚོགས་ཀྱི་ལག་ལེན་ཟུང་འབྲེལ་བྱེད་པའི་སྤྱི་ཕན་རང་བཞིན་གྱི་དབྱར་གསེང་ཚབ་གཉེར་ཞབས་ཞུ་མཁོ་འདོན་བྱས་པས་ཁྱིམ་བདག་བློ་བདེ་བ་དང་།བྱིས་པ་ཚོ་དབྱར་གསེང་རིང་སྤྲོ་སྣང་ལྡན་པར་མ་ཟད། གྲུབ་འབྲས་ཀྱང་ཐོབ་ཡོད་པ་རེད།

གྲོང་མི་བྱམས་པས་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁྱིམ་གཞིས་ཞེས་པའི་དབྱར་ཁའི་གུང་གསེང་གི་སྤྱི་ཕན་ཚབ་གཉེར་འཛིན་གྲྭ་གཉེར་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་དང་སློབ་ཚན་ཟུར་ཁྲིད་+སྤྱི་ཚོགས་ལག་ལེན་གྱིས་ཕྲུ་གུས་སྦྱོང་ཚན་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག་མཐོང་རྒྱ་ཆེ་རུ་ཕྱིན་ཡོད། ད་ཐེངས་ཀྱི་ཚབ་གཉེར་ཞབས་ཞུ་ནི་ད་དུང་རིན་མི་དགོས་པ་ཞིག་ཡིན་པར་མ་ཟད།ཕྲུ་གུ་ཚོར་བསམ་ཡུལ་ལས་འདས་པའི་མི་ལུས་ཀྱི་འགན་བཅོལ་ཉོས་པས་ང་ཚོ་ཁྱིམ་བདག་གི་མགོ་ན་དགོས་པའི་གནད་དོན་དངོས་འབྲེལ་ཐག་གཅོད་ཐུབ་ཡོད་ཅེས་བཤད།

སློབ་གྲྭ་དང་ཁ་བྲལ་ཡང་སློབ་ཁྲིད་དང་ཁ་མི་བྲལ་བ།

དབྱར་ཁའི་གུང་གསེང་སྐབས་སྤྱི་ཕན་ཚབ་གཉེར་འཛིན་གྲྭས་སློབ་ཚན་ཟུར་ཁྲིད་དང་།རི་མོ།ལག་ཤེས།རོལ་དབྱངས།ལུས་རྩལ་སོགས་བྱེད་སྒོ་དང་སློབ་སྦྱོང་སྣ་ཚོགས་སྤེལ་བ་བརྒྱུད་ཕྲུ་གུ་ཚོའི་དགའ་ཕྱོགས་གསོ་སྐྱོང་ཤུགས་ཆེན་བྱས་པར་མ་ཟད།ཕྲུ་གུར་བདེ་འཇགས་ཀྱི་རྒྱུན་ཤེས་དང་།འཚོ་བའི་རྩལ་ནུས།སྤྱི་ཚོགས་ཀྱི་འབྲེལ་གཏུག་ནུས་པ་སོགས་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་རོགས་བྱས་པ་དང་དུས་མཚུངས་སུ་དམིགས་ས་ཡོད་པའི་སྒོ་ནས་སློབ་ཆུང་སློབ་མ་འཚར་ལོངས་དང་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་དང་དགོས་མཁོ་སྐོང་བ་དང་།ཕྲུ་གུ་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ།མང་ཚོགས་སྔར་ལས་མང་བར་སྟབས་བདེ་དང་།སྤུས་ལེགས།ཀུན་ཕན་བཅས་ཀྱི་སྡེ་ཁུལ་གྱི་ཞབས་ཞུ་མཁོ་འདོན་ནུས་ལྡན་བྱས་ཡོད་པ་རེད།

སྤྱི་ཚོགས་ལག་ལེན་སློབ་ཚན་ཐོག་ཚབ་གཉེར་འཛིན་གྲྭས་ཕྲུ་གུ་ཚོའི་སྣེ་ཁྲིད་དེ་མཁར་སྣ་གདོང་ལྷོ་ལམ་མེ་ཟོན་ས་ཚིགས་སུ་ལྟ་སྐོར་བྱས་པ་རེད།མེ་ཟོན་མི་སྣས་མེ་ཟོན་ཤེས་བྱའི་སྐོར་འགྲེམས་སྟོན་དང་། མེ་ཟོན་གྱི་རོལ་རྩེད་བྱེད་སྒོ།མེ་ཟོན་མི་སྣའི་འཚོ་བར་ཉམས་ལེན་དང་དེ་བཞིན་ཡོ་བྱད་བཀོལ་སྤྱོད་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་ཕྲུ་གུ་ཚོར་མེ་སྐྱོན་སྔོན་འགོག་དང་། འཕྲལ་སྡོམ་རང་སྐྱོབ། མེ་ཟོན་ཡོ་བྱད་བེད་སྤྱོད་སོགས་ཀྱི་དངོས་སྤྱོད་ཤེས་བྱ་ངོ་སྤྲོད་བྱས་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྟེ་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་ཡུལ་རྙིང་པའི་འགྲེམས་སྟོན་ཁང་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་ཏེ་རི་མོ་དང་ཡི་གེ། དངོས་རྫས་སོགས་ལ་ལྟ་སྐོར།ཤེས་བྱའི་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པའི་ཐོག་ནས་ཕྲུ་གུ་ཚོར་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་ལེན་བྱེད་དུ་བཅུག་པ་རེད།

ཁྲེང་ཀོན་ཆུས་ཀྱི་གཞི་ཁྱོན་ཆེ་བའི་སྤྱི་ཕན་རང་བཞིན་གྱི་དབྱར་ཁའི་གུང་གསེང་ཚབ་གཉེར་འཛིན་གྲྭ་ཐོག་དེ་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁྱིམ་གཞིས་ཞེས་པའི་འཛིན་གྲྭ་བཙུགས་པ་ནས་བཟུང་ཁྲོམ་གཞུང་དེས་སློབ་མའི་བསམ་བློར་སྣེ་ཁྲིད་དང་སློབ་མའི་འཚར་ལོངས་ལ་ཞབས་འདེགས་ཞུ་བའི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་ཕན་འབྲས་ཀྱང་ཐོན་ཡོད།སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁྱིམ་གཞིས་ཞེས་པ་དེ་ཁྱིམ་བདག་དང་ཕྲུ་གུ་ཚོའི་གུང་གསེང་རིང་གི་རེ་སྒུག་གསར་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད།

ཀུན་བདེ་གླིང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་ཅུན་གྱིས་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁྱིམ་གཞིས་ཞེས་པའི་དབྱར་གསེང་གི་སྤྱི་ཕན་ཚབ་གཉེར་འཛིན་གྲྭ་ནི་ང་ཚོའི་ཁྲོམ་གཞུང་གི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད།རྗེས་མར་ང་ཚོས་རྒན་གྲས་གཅིག་དང་ལོ་ཆུང་གཅིག་གི་ཚབ་གཉེར་ཞབས་ཞུའི་ལམ་སྲོལ་སྔར་བས་འཚོལ་ཞིབ་བྱས་ནས་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་།ཚབ་གཉེར་འཛིན་གྲྭའི་རྨང་གཞིའི་ཐོག་ཆུ་ཚོད་དྲུག་པའི་སློབ་ཁང་གཉེར་ནས་ཚབ་གཉེར་ཞབས་ཞུ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་བྱས་ཐོག་ཚབ་གཉེར་ཞབས་ཞུ་དེ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དམངས་འཚོའི་ལས་གཞི་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186546.html 1 ཀུན་བདེ་གླིང་ཁྲོམ་གཞུང་གིས་ཞིབ་ཚགས་པའི་ཞབས་ཞུར་བརྟེན་ནས་དབྱར་ཁའི་གུང་གསེང་རིང་ཕྲུ་གུ་ལྟ་སྐྱོང་དཀའ་བའི་གནད་དོན་བསལ་བ། /enpproperty-->