ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་19ཉིན་གྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཉེར་འགན་འཁུར་བའི་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འགོ་ཚུགས་ཤིང་། འདི་ནི་དྲོ་སྐྱིད་དང་སྟོབས་ཤུགས་ཀྱིས་ཁེངས་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ནས་ཡོང་བའི་དབང་པོ་སྐྱོན་ཅན་ལུས་རྩལ་པ་302ཀྱིས་དཔའ་ངར་ཆེན་པོས་འགྲན་བསྡུར་བྱས་ནས་གཟི་བརྗིད་བརྩོན་ལེན་བྱས་ཏེ། ཚང་མར་ཁོང་ཚོའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ཀྱི་སྙིང་སྟོབས་མངོན་པར་བྱ་རྒྱུ་རེད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་གྲགས་པ་བསྟུན་ནས་སྐར་ལྔའི་དར་དམར་མཐོན་པོར་སྒྲེང་སྐབས། ཚང་མས་མགྲིན་གཅིག་ཏུ་རྒྱལ་གླུ་བླངས་ནས་རླབས་ཆེན་གྱི་མེས་རྒྱལ་དང་དུས་རབས་ལ་གུས་འདུད་ཞུས་ཡོད། ལུས་རྩལ་པ་ཚོ་རེ་བ་དང་ཡིད་ཆེས་ཆེན་པོས་འགྲན་བསྡུར་ནང་ཞུགས་ནས་རང་ཉིད་ལ་དབང་བའི་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་རེད།
ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡི་ཁོའོ་ཀྲང་བློ་བཟང་སྒྲོལ་དཀར་གྱིས། ད་ཐེངས་ལུས་རྩལ་འགྲན་ཚོགས་འདི་འདྲ་ཞིག་གཉེར་བ་ནི་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པས། རྒྱ་ཆེའི་དབང་པོ་སྐྱོན་ཅན་ལ་གར་སྟེགས་གལ་ཆེན་མཁོ་འདོན་བྱས་པར་མ་ཟད། དབང་པོ་སྐྱོན་ཅན་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། འདྲ་མཉམ་ངང་སྤྱི་ཚོགས་འཚོ་བའི་ནང་ཞུགས་པ། སྤྱི་ཚོགས་ཤེས་དཔལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐད་སྔར་བས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བཤད་པ་དང་། ཁོང་གིས། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག ང་ཚོས་ཆེད་མངགས་རིག་སྟོབས་ལ་འགོག་རྐྱེན་ཡོད་པའི་དབང་པོ་སྐྱོན་ཅན་ལ་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མང་དུ་བཏང་ནས་རང་གྲོང་གི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཞབས་ཞུའི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ཡོད། ཕྱིས་འབྱུང་། ང་ཚོས་དེ་བས་སྤྲོ་སེམས་ཆེ་བ་དང་དེ་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་ཡག་པོ་བསྒྲུབས་ཏེ་དབང་པོ་སྐྱོན་ཅན་ལ་ཞབས་ཞུའི་ལས་དོན་སྔར་བས་བསྒྲུབ་རྒྱུ་ཡིན་ཞེས་བཤད།
འགོ་ཚུགས་མཛད་སྒོའི་ཐོག ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་སློབ་དང་དེ་བཞིན་དབང་པོ་སྐྱོན་ཅན་ལུས་རྩལ་པ་80ཡིས《ལུས་སྦྱོང་གི་ལུས་རྩལ》དང《དབྱང་རླུང་གི་རྔ་རྡུང་བ》ཞེས་པའི་འཁྲབ་སྟོན་བྱས་པ་དང་། ལྷ་ས་གྲོང་ཁྱེར་རྐུབ་སྟེགས་འཁོར་ལོའི་ལག་རྩེད་སྤོ་ལོའི་རུ་ཁག་གིས་ཀྱང་ཚང་མར་རྐུབ་སྟེགས་འཁོར་ལོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ངོ་མཚར་ཆེ་བ་ཞིག་ཕུལ་བ་རེད། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་ལུས་རྩལ་ཁང་དུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ངོ་མཚར་ཆེ་བའི་འཁྲབ་སྟོན་ལས་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་མ་ཟད། ཁོང་ཚོས་ཚེ་སྲོག་ལ་བཅངས་པའི་དགའ་ཞེན་དང་ཕུགས་འདུན་དོན་གཉེར་བྱེད་པའི་ཉམས་བཟང་དེ་བས་མངོན་ཡོད།
ལྷ་ས་གྲོང་ཁྱེར་རྐུབ་སྟེགས་འཁོར་ལོའི་ལག་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ནོར་བུ་ཚེ་དབང་གིས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱ་ཆེད། ང་ཚོས་གཟའ་འཁོར་ཚང་མར་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ཡོད། སྦྱོང་བརྡར་བྱེད་རིང་། འགྱེལ་སླ་ཡང་ཚང་མས་ཕན་ཚུན་རོགས་རེས་བྱས་ནས་རྣམ་པ་ཡག་ཤོས་དེ་མངོན་ཐབས་བྱས་ཡོད། འགྲན་བསྡུར་བྱེད་རིང་། ང་ཚོས་མཛའ་གྲོགས་ཨང་དང་པོར་འཇོག་པ་དང་། འགྲན་བསྡུར་གཉིས་པར་འཇོག་པའི་རྩ་དོན་གཞིར་བཟུང་། གྲུབ་འབྲས་ཡག་པོ་ཐོབ་རྒྱུར་བརྩོན་ལེན་བྱས་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་གྱི་རྐུབ་སྟེགས་འཁོར་ལོའི་ལག་རྩེད་སྤོ་ལོའི་རུ་ཁག་ནང་བུད་མེད་རུ་མི་གཉིས་ལས་མེད་པ་དང་ཁོང་ཚོས་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ནས་ལོ་10ཕྱིན་ཡོད། ཁོང་ཚོས་ཕུགས་འདུན་ཡིད་ལ་བཅངས་ཤིང་དཀའ་ཚེགས་ལ་མི་སྐྲག་པར་ཚེ་སྲོག་གི་རིན་ཐང་མངོན་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་རྐུབ་སྟེགས་འཁོར་ལོའི་ལག་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་བདེ་གཡང་གིས། རྐུབ་སྟེགས་འཁོར་ལོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱས་ཚར་རྗེས། ང་ལ་ལྟད་མོ་བ་དང་གྲོགས་པོ་མང་པོ་ཞིག་གི་སྐུལ་ལྕག་ཐོབ་བྱུང་བས་ཡིད་ཚིམ་པོ་བྱུང་། རྗེས་ཀྱི་འགྲན་བསྡུར་ནང་། གྲུབ་འབྲས་ཅི་འདྲ་ཞིག་ཐོབ་ཀྱང་ངའི་སེམས་ཤུགས་ཆག་མི་སྲིད། ངའི་བསམ་པར་དབང་པོ་སྐྱོན་ཅན་གྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཧ་ཅང་ཡག་པོ་ཞིག་རེད། གར་སྟེགས་འདི་འདྲ་ཞིག་ཡོད་པས། ང་ཚོ་དབང་པོ་སྐྱོན་ཅན་རང་ཁྱིམ་གྱི་སྒོ་ཁ་ནས་ཐོན་ཏེ། ཕུགས་འདུན་དོན་གཉེར་བྱེད་པའི་གོ་སྐབས་ཐོབ་ཡོད། དེ་བས་ང་ཚོའི་ཡིད་ཆེས་དང་སྤོབས་པ་མཐོ་རུ་ཕྱིན་ཡོད། འདི་ནི་གོ་སྐབས་བཟང་པོ་ཞིག་རེད་ཅེས་བཤད།
སྐབས་འདིའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཀྱིས“མཆོག་ཏུ་འགྱུར་བའི་ཕུགས་འདུན། བདེ་སྐྱིད་ལྡན་པའི་ལྷ་ས”ཞེས་པ་གཙོ་དོན་དུ་བྱས་ཤིང་། འགྲན་བསྡུར་བྱེད་རིང་། ལུས་རྩལ་པ་ཚོས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དང་། མཆོང་རྒྱུག་འཕེན་གསུམ་གྱི་རིགས། སྤྲོ་སྣང་གི་རིགས། མི་རིགས་ཀྱི་རིགས་བཅས་རྣམ་གྲངས་ཆེ་གྲས་བཞི་དང་རྣམ་གྲངས་ཆུང་གྲས་བཅོ་ལྔ་ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད། འགྲན་ཞུགས་ལུས་རྩལ་པ་ཁག་གིས་ཀྱང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འགྲན་རའི་ཐོག་ཡར་རྒྱས་གོང་འཕེལ་གྱི་ཉམས་འགྱུར་མངོན་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ལྷ་ས་གྲོང་ཁྱེར་ཐད་གཏོགས་འཐུས་མིའི་རུ་ཁག་གི་འགྲན་ཞུགས་ལུས་རྩལ་པ་བློ་བཟང་གིས། ང་རང་ཞུགས་པའི་རྣམ་གྲངས་ནང་། ལོང་བའི་ཁ་ཕྱོགས་གཏན་འཁེལ་གྱི་འགྲོ་སྐྱོད་དང་། ཙོག་པུར་སྡོད་པ། གན་རྐྱལ་དུ་ལངས་པ་བཅས་ཡོད། ཚེ་སྲོག་ནི་ལུས་རྩལ་ལ་རག་ལས་ཡོད། དོན་དངོས་ཐོག་ལུས་རྩལ་རྩེད་པ་བརྒྱུད། ང་ཚོའི་གཟུགས་པོར་བདེ་ཐང་ཡོང་བར་མ་ཟད། ང་ཚོའི་སེམས་ཁམས་ཀྱང་སྐྱིད་པོ་ཡོང་གི་ཡོད། ཚང་མས་ལུས་རྩལ་རྩེ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་རིག་གནས་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པར་མ་ཟད། སྤྱི་པའི་རིག་གནས་ལུས་རྩལ་ཞབས་ཞུའི་ནང་འདྲ་མཉམ་ངང་ཞུགས་པའི་ཁེ་དབང་འགན་ལེན་ཏན་ཏིག་ཐུབ་ཡོད། ད་ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པ་31འགྲན་བསྡུར་ནང་ཞུགས་པ་དང་། གྲོང་ཁྱེར་དང་རྫོང(ཆུས)གང་ཡིན་རུང་དབང་པོ་སྐྱོན་ཅན་ཚོགས་སྤྱིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་འགྲན་ཞུགས་འཐུས་མིའི་རུ་ཁག་གི་རུ་སྣེ་ཁྲིད་མཁན་དང་སྟོད་ལུང་བདེ་ཆེན་ཆུས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་བློ་བཟང་རྡོ་རྗེས། སྟོད་ལུང་བདེ་ཆེན་ཆུས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ཆེས་རྨང་གཞིའི་དམངས་ཕན་ཁ་གསབ་ལས་དོན་ཡག་པོ་སྒྲུབ་པ་ཕུད། ང་ཚོས་ད་དུང་རྟག་ཏུ་དབང་པོ་སྐྱོན་ཅན་ཞུགས་རྒྱུར་འཚམ་པའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་ཀྱི་ཡོད། ང་ཚོར་ད་དུང་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཡོད་པས། དབང་པོ་སྐྱོན་ཅན་གྱི་ལུས་ཁམས་བདེ་ཐང་དང་ལས་ཞུགས་ལས་གཏོད་སོགས་ལ་མཛུབ་ཁྲིད་བྱེད་ཆོག་གི་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱི་རུ་སྣེ་ཁྲིད་མཁན་ཞིག་ཡིན་པའི་ངོས་ནས་ང་ལ་ཡིད་ཆེས་ཆེན་པོ་ཡོད། ང་ཚོའི་ལུས་རྩལ་པས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འགྲན་བསྡུར་ནང་ཞུགས་ནས་གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ནི་སྟོབས་ཤུགས་ཀྱི་མྱུར་ཚད་དང་བློ་གྲོས་ཐབས་རྩལ་གྱི་འགྲན་བསྡུར་ཞིག་ཡིན་པར་མ་ཟད། ལུས་རྩལ་པ་ཚོས་རང་ཉིད་ལས་རྣམ་པར་རྒྱལ་བར་བྱས་ཏེ། མཐར་སོན་འགྲན་སློང་བྱེད་པའི་གར་སྟེགས་ཤིག་ཀྱང་ཡིན། ཟླ་8ཚེས་19ཉིན་དང་ཚེས་20ཉིན་གྱི་དུས་ཚོད་ནང་། ལུས་རྩལ་པ་ཚོས་འགྲན་རར་ཕུགས་འདུན་དོན་གཉེར་གྱི་འགྲན་བསྡུར་བྱས་ཤིང་། ད་ཐེངས་ཀྱི་འགྲན་བསྡུར་གྱི་གོ་སྐབས་འདི་ལོངས་སུ་སྤྱད་དེ། རང་བཀུར་དང་། རང་བརྟེན། རང་སྟོབས་བཅས་ཀྱི་ཚེ་སྲོག་གི་བསྟོད་གླུ་གངས་ལྗོངས་ས་མཐོར་བླངས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社