分享按钮

རང་གྲོང་གིས་2024ལོའི་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བའི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

པར་འདི་ནི་ལས་དོན་པས་གྲོང་མིར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་བཞིན་པའི་རྣམ་པ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་18ཉིན།རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་། ཁྲིམས་ལུཊ་ཁྱབ་གདལ་གཞུང་དོན་ཁང་། ལྷ་ས་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲཊ་ཟླ་བའི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲཊ་བྱེད་སྒོ་ཁྲེང་ཀོན་ཝན་ཏཱ་ཐང་ཆེན་དུ་སྤེལ་ཞིང་། བྱེད་སྒོ་དེས་་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཞེས་པ་གཙོ་དོན་བྱས་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ་དང་། ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་རེད།

ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གི་ལས་དོན་པ་བསྟན་འཛིན་གྱིས་དེ་རིང་ང་ཚོས་བཅའ་ཁྲིམས་ཁྱབ་གདལ་ཁོངས་གཏོགས་ཚན་པ་18སྒྲིག་འཛུགས་བྱས་ནས་་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བའི་བཅའ་ཁྲིམས་ཁྱབ་གདལ་གྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་ཡིན་ལ། བྱེད་སྒོ་དེ་ཡུལ་དངོས་སུ་བཅའ་ཁྲིམས་ཀྱི་བློ་འདྲི་དང་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པའི་རྣམ་པའི་ཐོག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྣ་ཚོགས་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་གྲོང་མིའི་ཁྲིམས་སྐྱོང་གི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།

བྱེད་སྒོའི་ནང་ལས་དོན་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་པར་མ་ཟད། གྲོང་མི་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་ཤེས་བྱའི་ཀློག་དེབ་སྤྲད་དེ་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་པ་རེད། གྲོང་མི་ཏུང་ཞའོ་ཞུའེ་ཡིས་དེ་རིང་གི་དྲིལ་བསྒྲགས་བྱེད་སྒོའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ང་ཚོས་བཅའ་ཁྲིམས་ཀྱི་ཤེས་བྱ་མང་པོ་ཤེས་བྱུང་བས་ང་ཚོའི་འཚོ་བའི་ཁྲོད་ཕན་ཐོགས་ཆེན་པོ་འདུག ཕྱིས་འབྱུང་། ང་ཚོས་བཅའ་ཁྲིམས་ཤེས་མཁན་དང་ཁྲིམས་སྲུང་མཁན་གྱི་སྤྱི་དམངས་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

འདི་ལོའི་ཟླ་8ནི་རང་གྲོང་གི་་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བ་ཐེངས་གསུམ་པ་དེ་ཡིན་ཞིང་། དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་་ཤེས་དཔལ་སྐོར་གྱི་བཅའ་ཁྲིམས་དང་།ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་བ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་གནས་བབ་དང་ཤུགས་རྐྱེན་གཏིང་ཟབ་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ངོས་འཛིན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་རྒྱུ་རེད།

བསྟན་འཛིན་གྱིས་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་དེ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ།རང་གྲོང་གིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་ཁག་2000ལྷག་ཙམ་དང་དྲིལ་བསྒྲགས་གི་དངོས་པོ་1500ལྷག་ཙམ་སྤྲད་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-20 6 6 拉萨日报藏文 c186450.html 1 རང་གྲོང་གིས་2024ལོའི་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བའི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->