分享按钮

ལྷ་གཞིས་ལྕགས་ལམ་བསྐྲུན་རྗེས་བོད་ལྗོངས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་པ།

(པར་ངོས་དང་པོར་མཐུད)ལྷག་པར་དུ་དུས་ཆེན་དང་ངལ་གསོའི་དུས་ཚིགས་ཏེ།ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ང་ཚོ་ཧ་ལམ་ཉིན་ལྟར་ལས་གནས་སུ་ཞུགས་ནས་ཡུལ་སྐོར་བ་ཚང་མ་བདེ་འཇགས་ངང་འགྲུལ་བཞུད་ཐུབ་རྒྱུར་འགན་ལེན་བྱེད་ཀྱི་ཡོད། མ་འོངས་པར་ཡང་། ང་ཚོས་ས་མཐོའི་ལྕགས་ལམ་བརྟན་སྲུང་གིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་མཁའ་ལམ་བདེ་འཇགས་ངང་མུ་མཐུད་ཤར་གཏོང་ཐུབ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

མཚོ་བོད་ཚོཊ་པ་ཀུང་སིའི་ལྷ་སའི་ས་ཚིགས་འགྲུལ་སྐྱེལ་འཁོར་སྐྱོད་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་དབྱངས་ཅན་ལྷ་མོས། ང་ནི་ལྷ་གཞིས་ལྕཊ་ལམ་གྱི་དཔང་པོ་བ་དང་། དེའི་ནང་ཞུཊ་མཁན། དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་ལ་ཕན་པ་ཐོབ་མཁན་ནི་དེ་བས་ཀྱང་ཡིན། ངའི་ཁྱོ་ག་གཞིས་ཀ་རྩེ་ནས་ཡིན་པས། 2009ལོར་ང་གཞིས་ཀ་རྩེར་ཐོག་མར་འགྲོ་སྐབས། རླངས་འཁོར་གྱི་ལམ་ཡག་པོ་མེད་པའི་ཁར་ལམ་ཐག་རིང་བས་ཧ་ལམ་ཉིན་གང་བོར་ལམ་བར་དུ་ལུས་ཀྱི་ཡོད། དེང་སང་གཞིས་ཀ་རྩེར་ལོག་སྐབས་ལྷ་སར་གུང་ཟས་བཟས་ནས་ཐོན་ནའང་། དགོང་ཟས་གཞིས་ཀ་རྩེར་ཁྱིམ་དུ་ཟ་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

ཚེ་རིང་ནི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། ཚེས་16ཉིན་ཁོང་གིས་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་མེ་འཁོར་དང་པོའི་ཁ་ལོ་བའི་འགན་འཁུར་བས། དེས་ཁོང་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད།

ཚེ་རིང་གིས། དེ་རིང་ངས་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་མེ་འཁོར་དང་པོའི་ཁ་ལོ་བ་བྱ་རྒྱུ་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། ང་ནི་གཞིས་རྩེ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་གཙང་པ་ཞིག་ཡིན། དེ་རིང་ངས་ཤུགས་འགྲེམས་མེ་འཁོར་བཏང་སྟེ་ཡུལ་མི་ཚོ་དང་ཕྱོགས་བཞི་ནས་ཡོང་བའི་ཡུལ་སྐོར་བ་བསྐྱལ་ནས་ཕ་ཡུལ་དུ་ལོག་རྒྱུ་ཡིན། དེ་ནི་ངའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ཡོད། ངས་ཁོང་ཚོར་བརྟན་པོ་དང་བདེ་འཇགས་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

མེ་འཁོར་ཐོན་པ་དང་བསྟུན་ནས་གསར་འགོད་པས་ཀྱང“མཁའ་ལམ་མཐོ་ཤོས”ཀྱི་ཐུན་མོང་མ་ཡིན་པའི་འགྲུལ་བཞུད་ལ་མྱོང་རོལ་བྱས། ལམ་བར་དུ་གསར་འགོད་པར་བྱུང་བའི་བག་ཆགས་ཟབ་ཤོས་ནི་གཙང་ཞིང་གྲལ་འགྲིག་པའི་འཁོར་སྒྲོམ་དང་། སྒེའུ་ཁུང་ཕྱི་རོལ་གྱི་རི་མཐོ་ས་གཙང་དང་། ལོ་ཕྱུགས་ལེགས་པའི་གྲོང་ཚོའི་རྣམ་པ་ཡིན། ཕྱི་ནང་གི་ཁོར་ཡུག་ཡག་པོ་དེ་ལྟ་བུར་བསྡད་ནས་འགྲུལ་བཞུད་བྱེད་པ་ནི་ངལ་དུབ་ཀྱི་ཁུར་པོ་ཞིག་མ་ཡིན་པར་ལོངས་སྤྱོད་དང་བག་ཕེབས་ཀྱི་བརྒྱུད་རིམ་ཞིག་རེད་ཅེས་བཤད་ཆོག

ཤེས་རྟོགས་བྱུང་བར་གཞིགས་ན། “ལྗང་མདོག་གི་མེ་འཁོར”གྱི་དུས་རབས་སུ་ལྷ་གཞིས་ལྕགས་ལམ་ཐོག་ཉིན་རེར་ཆ་སྙོམས་མེ་འཁོར་ཆ་གཉིས་ལས་གཏོང་གི་མེད་ནའང་། ད་ཆར་ཉིན་རེར་ལྷ་ས་ནས་གཞིས་ཀ་རྩེ་བར“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཆ་5ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། གསར་འགོད་པར་དངོས་སུ་མྱོང་ཚོར་བྱུང་བ་ལྟར། མྱུར་ཚད་སྤྱི་བཏང་ཡིན་པའི་མེ་འཁོར་ནས་ཤུགས་འགྲེམས་མེ་འཁོར་བར་འགྱུར་ལྡོག་སོང་ཆེ་ཤོས་ནི། དུས་ཚོད་དང་མེ་འཁོར་གྱི་རྣམ་པ་ཙམ་མ་ཡིན་པར། མེ་འཁོར་ནང་གི་ཁོར་ཡུག་དང་ཞབས་ཞུའི་སྤུས་ཚད་ཡིན།

“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ཞབས་ཞུ་བ་ལི་ཡེ་མའེ་ཡིས། ང་ཆུང་དུས་ནས་གཞིས་ཀ་རྩེར་འཚར་ལོངས་བྱུང་བས་བོད་སྐད་བཤད་ཤེས་ཀྱི་ཡོད། ངས་ལས་ཀ་བྱེད་སྐབས། འགྲུལ་པ་ཁག་གཅིག་གིས་རྒྱ་སྐད་མི་ཤེས་པའི་དབང་གིས་འཁོར་སྒྲོམ་མི་རྙེད་པ་དང་། གསང་སྤྱོད་མི་རྙེད་པ། ཆུ་ཁོལ་ལེན་མི་ཤེས་པ་སོགས་ཀྱི་སྣང་ཚུལ་རྟག་ཏུ་མཐོང་གི་འདུག ངས་སྣང་ཚུལ་དེ་རིགས་མཐོང་སྐབས་བོད་སྐད་ཐོག་ནས་ཁོང་ཚོར་ཁྲིད་སྟོན་དང་འགྲེལ་བཤད་བྱེད་ཀྱི་ཡོད། བོད་སྐད་བཤད་ཤེས་པ་དེས་ངའི་ལས་ཀ་སྟབས་བདེ་རུ་ཕྱིན་པར་མ་ཟད། འགྲུལ་པར་ཞབས་འདེགས་སྔར་བས་ལེགས་པ་ཞུ་ཐུབ་ཀྱི་འདུག་ཅེས་བཤད།

“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཚོགས་ཆུང་གི་གྲ་སྒྲིག་ལས་ཀའི་ལས་དཔོན་ཏུང་ཝུའེ་ཡིས། “ལྗང་མདོག་གི་མེ་འཁོར”དང“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཐོག་ཏུ་ངས་ལས་ཀ་ལོ་ལྔ་བྱས་ཟིན། ངའི་ལས་ཀ་གཙོ་བོ་ནི་འགྲུལ་པ་བབས་ཚར་རྗེས་མེ་འཁོར་གྱི་མཛོད་ཁང་དུ་འཛུལ་ནས་ཉལ་ཆས་དང་རྐུབ་སྟེགས་སོགས་བརྗེ་རྒྱུ་དང་། འཁོར་སྒྲོམ་ནང་གི་གསང་སྤྱོད་དང་། པང་གཅལ། གྱང་སོགས་ལ་གཙང་སྦྲ་བྱ་རྒྱུ་དེ་ཡིན། མ་གཞི་ངས་སྒྲུབ་པ་ནི་རྒྱབ་ཕྱོགས་ཀྱི་ལས་ཀ་ཞིག་ཡིན་མོད། ཡིན་ནའང་འགྲུལ་པ་རྣམས་ལ་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་ཐུབ་པས་ངའི་བསམ་པར་དེ་ནི་ཧ་ཅང་རིན་ཐང་ལྡན་པའི་བྱ་བ་ཞིག་རེད་སྙམ་གྱི་འདུག་ཅེས་བཤད།

ཤུགས་འགྲེམས་མེ་འཁོར་ལ་བསྡད་ཚེ་ཁྱིམ་དུ་ལོག་པར་ཆུ་ཚོད་2.5ཡང་འགོར་གྱི་མེད་པའི་ཁར། མེ་འཁོར་སྟབས་བདེ་ལ་གཙང་སྦྲ་དོད་པས་ས་གནས་གཉིས་ཀྱི་མི་མང་པོ་ཞིག་གིས་གྲོང་ཁྱེར་གཉིས་སུ་འཚོ་བ་སྐྱེལ་བའི་དར་སྲོལ་ཞིག་ཀྱང་ཆགས་ཡོད།

འགྲུལ་པ་ལྷ་མོས། ང་ནི་སྨན་པ་ཞིག་ཡིན་པ་དང་། ཁྱིམ་ལྷ་སར་ཡོད། ལས་ཀ་བྱ་ཡུལ་གཞིས་ཀ་རྩེ་ཡིན་པར་མ་ཟད། ལས་ཀར་ཞུཊ་ནས་ལོ་དྲུག་སོང་། ལྷ་ས་དང་གཞིས་རྩེ་བར་ཕར་འགྲོ་ཚུར་འོང་མང་པོ་བྱེད་ཀྱི་ཡོད། དེ་སྔོན་ལྗང་མདོག་གི་མེ་འཁོར་ལ་སྡོད་སྐབས་མེ་འཁོར་ཐེངས་གྲངས་མང་པོ་མེད་པས་སྐབས་མང་པོ་ཞིག་ལ་ཁྱིམ་དུ་ལོག་ཐུབ་ཀྱི་མེད། ད་ཆ་ཤུཊ་འགྲེམས་རླངས་འཁོར་མང་དུ་ཕྱིན་པས་ཁྱིམ་དུ་ལོག་པར་སྟབས་བདེ་པོ་འདུག་ཅེས་བཤད།

ལོ་བཅུ་ནི་དཀའ་ཚེགས་ཆེ་བའི་ལོ་བཅུ་ཡིན་ལ། ལེགས་སྐྱེས་ཕུལ་བའི་ལོ་བཅུ་དང་གྲུབ་འབྲས་ཐོབ་པའི་ལོ་བཅུ་ཡང་ཡིན། ལོ་བཅུའི་རིང་ལྷ་གཞིས་ལྕགས་ལམ་གྱིས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁོངས་དབར་གྱི་ཡུལ་དུས་འབྲེལ་བ་སྔར་བས་དམ་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་གི་མི་དམངས་དབར་སྤེལ་རེས་དང་མཉམ་འདྲེས་སྔར་བས་དམ་ཟབ་བྱུང་ཡོད། ཟླ་8ཚེས་16ཉིན། མེ་འཁོར་གྱི་ཕྱི་ནང་གང་སར་ལྕགས་ལམ་ལས་དོན་པ་དང་འགྲུལ་པ་ཚོས་དགའ་ཚོར་ཆེན་པོས་གླུ་གར་འཁྲབ་ནས་ཐུན་མོང་མ་ཡིན་པའི་ཉིན་མོ་དེར་རྟེན་འབྲེལ་ཞུས་ཤིང་།ལྷ་གཞིས་ལྕགས་ལམ་དེ་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པ་ཞིག་ཏུ་སྔར་བས་གྱུར་ཡོད།

འགྲུལ་པ་ཁྲེན་ཤིང་གིས། དེ་རིང་ཏག་ཏག་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་འཕྲད་བྱུང་། བྱེད་སྒོའི་རྣམ་པ་ཧ་ཅང་ཡག་པོ་འདུག ངས་ཀྱང་ཁོང་ཚོའི་རྗེས་སུ་གླུ་ལེན་གར་འཁྲབ་བྱས་པ་ཡིན། ཐེངས་རྗེས་མར་ང་ད་དུང“བསྐྱར་དར་རྟགས་ཅན”ལ་བསྡད་ནས་ལྷ་གཞིས་ལྕགས་ལམ་ཐོག་གི་དམིགས་བསལ་མཛེས་ལྗོངས་ལོངས་སུ་སྤྱོད་རྒྱུ་ཡིན་ཞེས་བཤད།

གཞིས་ཀ་རྩེའི་མེ་འཁོར་འབབ་ཚུགས་སུ་སླེབས་པ་དང་ཆབས་ཅིག་ཐེངས་འདིའི་འགྲུལ་བཞུད་ཀྱི་བཅར་འདྲི་དེ་སྤྲོ་སྣང་དང་བཅས་མཇུག་འགྲིལ་སོང་། མེ་འཁོར་གྱི་ལམ་ཐག་ཧྲིལ་པོར་ཆུ་ཚོད་གཉིས་དང་ཕྱེད་ཀ་ཡང་འགོར་མ་སོང་བས་དེ་སྔའི“ལྗང་མདོག་གི་མེ་འཁོར”དང་བསྡུར་ན་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་མགྱོགས་སུ་ཕྱིན་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡས་མས་ཡོད་ཅིང་། དྲ་གྲོགས་མང་པོས“ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་ལྕགས་ལམ”ཞེས་འབོད་པའི་མེ་འཁོར་གྱི་ལྕགས་ལམ་དེས་རྣམ་པ་གསར་པ་དང་། ཞབས་ཞུ་གསར་པ། ཉམས་འགྱུར་གསར་པ་སོགས་ཀྱི་ཐོག་ནས་ས་གནས་ཁག་གི་མི་དམངས་ལ་རང་ཉིད་ཀྱི་གསོན་ཤུགས་མངོན་པར་བྱེད་བཞིན་ཡོད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-19 6 6 拉萨日报藏文 c186434.html 1 ལྷ་གཞིས་ལྕགས་ལམ་བསྐྲུན་རྗེས་བོད་ལྗོངས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་པ། /enpproperty-->