(པར་ངོས་དང་པོར་མཐུད)ཟླ་བརྒྱད་པའི་ལྷ་སའི་གང་སར་སྔོ་ཐིང་ཐིང་དུ་གནས་པས་རང་བྱུང་ཁམས་དང་ཉེ་བཅར་དང་ཕྱི་རོལ་དུ་སྒར་བརྒྱབ་པའི་དུས་ཚིགས་ཡག་པོ་ཞིག་རེད། ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་གི་ནུབ་ངོས་སུ་འཁོར་གཏོང་ཡུལ་སྐོར་བའི་སྒར་ས་ཞིག་བཙུགས་ཡོད་པ་དང་། ངོགས་གཉིས་ཀྱི་ཆུ་མོ་དྭངས་ཤིང་སྔོ་ཐིང་ཐིང་དུ་གནས་པ། སྤྱི་གླིང་ནང་སྔོ་ལྗང་ལྗོན་པའི་ལོ་འདབ་རྒྱས་ནས་ཡིད་དུ་འོང་བ་ཞིག་ཡོད། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་རླངས་འཁོར་བཏང་ནས་དེ་གར་སྒར་བརྒྱབ་ཡོད་པ་རེད། གྲོང་མི་དང་ཡུལ་སྐོར་བར་སྤྲོ་གསེང་གི་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱ་ཆེད། ལྷ་ས་མཐོ་གསར་ཁུལ་གྱིས་འཁོར་གཏོང་ཡུལ་སྐོར་བའི་སྒར་སའི་དོ་དམ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ཚལ་འཁྲུ་ས་དང་། གོས་འཁྲུ་ས། གོས་སྐམ་ས་སོགས་བཀོད་སྒྲིག་བྱས་པར་མ་ཟད། ཉིན་ལྟར་སྤྱི་པའི་གསང་སྤྱོད་ལ་གཙང་སྦྲ་བྱེད་ཚད་མང་དུ་བཏང་ཡོད་པ་རེད།
ཡུལ་སྐོར་བ་ཝུའུ་ཆེ་གེ་མོས་ད་རེས་ང་རང་ལྷ་སར་ཡོང་ཐེངས་གཉིས་པ་ཡིན། འཁོར་གཏོང་སྒར་སར་དོ་དམ་བྱེད་སྟངས་ཧ་ཅང་ཡག་པོ་འདུག གོས་འཁྲུ་ས་དང་གོས་སྐམ་ས་ཡོད་པར་མ་ཟད། གསང་སྤྱོད་ཀྱང་ཧ་ཅང་གཙང་མ་ཡིན་པ་དང་། སྐྱིད་སྣང་དོད་པའི་ཁོར་ཡུག་འདི་འདྲ་ལས་ང་ཚོར་འདི་གར་རང་ཁྱིམ་གྱི་ཚོར་སྣང་ཞིག་སྦྱིན་བྱུང་ཞེས་བཤད་པ་རེད།
ཚད་གཞི་མཐོ་བ་དང་། ཞིབ་ཚགས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་རྩ་དོན་གཞིར་བཟུང་སྔོ་ལྗང་ལ་བདག་སྐྱོང་དང་དོ་དམ་ཐད་ཤུགས་སྣོན་བརྒྱབ་པ་ཕུད། ལྷ་ས་མཐོ་གསར་ཁུལ་གྱིས་ད་དུང་བཟོ་པ་སྒྲིག་འཛུགས་བྱས་ཏེ་སྤྱི་གླིང་གི་རྒྱུན་གཏན་གྱི་གཙང་སྦྲའི་ལས་དོན་ཡག་པོ་བསྒྲུབས་ནས་འཕྲོད་བསྟེན་ཞན་པའི་སར་གཙང་སེལ་བྱས་ཡོད། འགྱིག་སྙིགས་དང་། ཐ་མག་གི་རོ་ཏོ། སྔོ་ལྗང་ཁུལ་གྱི་ཡལ་ག་སྐམ་པོ་སོགས་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་པ་དང་། དུས་བཀག་ལྟར་གད་སྙིགས་བླུག་སྣོད་ལ་གཙང་སེལ་བྱེད་པ་དང་འབྲེལ་དུས་ཐོག་ཏུ་གད་སྙིགས་དབོར་འདྲེན་བྱས་ནས་སྤྱི་གླིང་གི་ཁོར་ཡུག་དེ་བས་དྭངས་གཙང་དང་།དེ་བས་མཛེས་སྡུག་ལྡན་པ་ཡོང་བར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་གི་འགན་འཁུར་བ་ཀའོ་ལི་ཧེང་གིས་ང་ཚོས་ཉིན་ལྟར་སྔོ་འགྱུར་ལས་དོན་པ་20དང་།གད་པ་14བཀོད་སྒྲིག་བྱས་ནས་སྤྱི་གླིང་གི་ལྷོ་ངོགས་ཁོར་ཡུག་ལ་རྒྱུན་གཏན་གྱི་གཙང་སྦྲ་དང་བདག་སྐྱོང་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་ནས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ།སྤྱི་གླིང་གི་ཁོར་ཡུག་དེ་བས་སྐྱིད་སྣང་དོད་པོ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社