ཧུའུ་པེ་ཧྲི་ཡན་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པར། སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ལོ་བཅུའི་རིང་ལ། ཆུ་མཛོད་ཁུལ་གྱི་མང་ཚོགས་དེ་བས་མང་བ་དང་བླངས་པའི་ཞབས་ཞུའི་དཔུང་ཁག་ནང་ཞུགས་ནས་ལྷག་བསམ་ཟོལ་མེད་ངང་ཆུ་མཛོད་ཀྱི་དྭངས་ཤིང་གཙང་བའི་ཆུར་སྲུང་སྐྱོང་བྱས་པས། ཆུ་མཛོད་ཁུལ་གྱི་ཆུ་སྔར་བས་དྭངས་གཙང་དང་། རི་བོ་སྔར་བས་སྔོ་བ། ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་བཅས་སུ་གྱུར་པར་ང་ཧ་ཅང་དགའ་པོ་བྱུང་།
ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭ་དེ་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་། ཕུགས་ཀྱི་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པས། ཆུ་མགོའི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཆུ་གཙང་མ་ནམ་ཡང་བྱང་ཕྱོགས་སུ་བསྐྱོད་རྒྱུར་འགན་ལེན་ཏན་ཏིག་བྱེད་པར་མི་ཚང་མས་འགན་འཁྲི་ཡོད་པ་དང་དུས་ཡུན་རིང་པོར་འབད་བརྩོན་བྱེད་དགོས། ཁྱེད་ཚོས་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་བཏང་སྟེ་མི་དེ་བས་མང་བས་རང་རྟོགས་ངང་ཆུར་སྲུང་སྐྱོང་དང་ཆུར་གྲོན་ཆུང་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ། ལག་གདང་སྦྲེལ་ནས་རི་ཀླུང་རྟག་ཏུ་སྔོ་བ་དང་། དྭངས་ཞིང་གཙང་བའི་ཆུ་བོ་རྟག་ཏུ་བཞུར་བ། མཁའ་རླུང་རྟག་ཏུ་གསར་པ་ཡིན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོ་གཉིས་པ་འཆར་ཉེར་ཡོད་པས། རྒྱལ་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་པ་དང་། དང་བླངས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས།
2024ལོའི་ཟླ་8ཚེས་13ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་འབྱོར་བའི་གློག་འཕྲིན)
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社