ཉེ་བའི་ལོ་ཤས་རིང་ཆུ་ཤུར་རྫོང་གིས་སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། སྲིད་ཇུས་ཀྱིས་རོགས་སྐྱོར། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ། རྒན་རྒོན་ལ་ཕན་པ་འདོགས་པ་བཅས་ཀྱི་བཅོས་སྐྱོང་དམིགས་ཚད་མཐའ་འཁྱོངས་བྱས་ཏེ་ཆུ་ཤུར་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བཙུགས་ནས་ཞབས་ཞུ་བྱེད་སྟངས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་དང་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དེ་བས་མང་བས་རང་ཁྱིམ་དུ་སྡོད་པ་དང་། སྡེ་ཁུལ་དུ་འཚོ་བའི་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
ཆུ་ཤུར་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་བསྐྱོད་སྐབས་དགའ་སྤྲོའི་དགོད་སྒྲ་ཡང་ཡང་རྣ་ལམ་དུ་གྲགས་པ་དང་སྒོ་འགྲམ་དུ་རྒན་རྒོན་ཁག་གཅིག་ཉི་མ་སྲོ་བཞིན་དགའ་སྤྲོའི་ངང་ནས་ཁ་བརྡ་དང་། ཇ་འཐུང་བ། ཞིམ་ཟས་མཉམ་སྤྱོད་བཅས་བྱེད་བཞིན་ཡོད། ལོ་67ལ་སླེབས་པའི་བགྲེས་སོང་ཕུར་བུ་ཚེ་རིང་ལགས་འཕུར་མཉེད་རྐུབ་སྟེགས་ཐོག་ཉལ་ནས་འཕུར་མཉེད་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་བཞིན་ཡོད། ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱི་གྲོང་མི་ཕུར་བུ་ཚེ་རིང་གིས་2021ལོར་ཆུ་ཤུར་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བེད་སྤྱོད་བཏང་བ་ནས་བཟུང་ང་ནི་འདི་གར་རྒྱུན་དུ་ཡོང་གི་ཡོད། ལོ་གསུམ་རིང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་དེ་གར་ཡོང་མཁན་རྒན་རྒོན་ཡང་སྔར་བས་མང་དུ་ཕྱིན་ཡོད་ཅེས་བཤད།
ཕུར་བུ་ཚེ་རིང་གིས་ང་འདི་གར་སླེབས་ནས་ལོ་གསུམ་ཕྱིན་སོང་། ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་རྟག་ཏུ་རོལ་རྩེད་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་གྱི་ཡོད་པ་དཔེར་ན། ལུས་རྩལ་དང་། ཞབས་བྲོ། རོལ་ཆ་སློབ་སྦྱོང་བཅས་བྱེད་ཀྱི་ཡོད་པར་མ་ཟད་ད་དུང་ཚང་མ་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད་པས་ང་ཚོའི་གཟུགས་པོའི་བྱང་ཚད་མཐོ་རུ་ཕྱིན་པ་དང་སྤྱི་ཡོངས་ཀྱི་བསམ་བློའི་འཁྱེར་སོ་ཡང་ཡག་ཏུ་ཕྱིན་ཡོད། ང་ཚོ་འདི་གར་ཡོང་རྒྱུར་ཧ་ཅང་དགའ་པོ་ཡོད་ཅེས་བཤད།
ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཆུ་ཤུར་རྫོང་སྲིད་གཞུང་དང་དམངས་སྲིད་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཆུ་ཤུར་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་བསྡུས་ནས་དགུང་སྔོན་སྤྱི་ཚོགས་ལས་དོན་པ་དང་།དང་བླངས་པའི་ཞབས་ཞུའི་མཐུན་ཚོགས་བཙུགས་པ་དང་། གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་ཞབས་ཞུའི་གྲོས་མཐུན་བཞག་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒན་རྒོན་གྱི་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།
མིག་སྔར་ཆུ་ཤུར་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་རྒན་རྒོན་80ལྷག་ཙམ་ཡོད་པའི་ནང་དབང་པོ་སྐྱོན་ཅན་གྱི་རྒན་རྒོན་1དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་གི་རྒན་རྒོན་2ཡོད་པ་རེད། ཉིན་ལྟར་མཐུན་ཚོགས་ཀྱི་ལས་དོན་པས་རྒན་རྒོན་ཚོར་ཉིན་གཅིག་ལ་ལྟོ་ཐུན་གསུམ་དང་། གསོལ་ཇ། ཤིང་ཏོག་བཅས་མཁོ་འདོན་བྱས་པར་མ་ཟད། ད་དུང་རྒན་རྒོན་ཚོའི་གཟུགས་པོར་བརྟག་དཔྱད་དང་། ཁྲག་ཤེད་དང་ཁྲག་མངར་སོགས་ཚད་འཇལ་གྱི་ཡོད་ལ་དུས་བཀག་ལྟར་ལག་ཤེས་སློབ་ཚན་དང་།ཡོ་གའི་སློབ་ཚན། ཡིག་རྨོངས་སེལ་བའི་སློབ་ཚན།བདེ་ཐང་སློབ་ཚན་བཅས་སྤེལ་ནས་རྒན་དུས་འཚོ་སྐྱོང་ཡོད་པ་དང་། རྒན་དུས་སློབ་སྦྱོང་བྱེད་རྒྱུ་ཡོད་པ།རྒན་ཡང་སྤྲོ་སྣང་ལྡན་པ་བཅས་ཐུབ་པར་བྱས་ཡོད།
དགུང་སྔོན་མཐུན་ཚོགས་ཀྱི་ལས་དོན་པ་སྐལ་བཟང་ཚུལ་ཁྲིམས་ཀྱིས་མིག་སྔར་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་དངོས་སུ་ལས་ཀ་བྱེད་མཁན་9ཡོད་པ་དང་དེའི་ཁར་དང་བླངས་པ་2ཡོད། ང་ཚོའི་ཞབས་ཞུའི་ནང་དོན་ནི་ལྔ་+Nཡི་རྣམ་པ་ཞིག་ཡིན་པ་དང་། རོགས་རམ་ལྔའི་ཞབས་ཞུར་དམིགས་ནས་ང་ཚོས་དང་བླངས་པ་དེ་བས་མང་བ་དེའི་ནང་ཞུགས་སུ་བཅུག་པར་མ་ཟད།སྤྱི་ཕན་ཞབས་ཞུ་ཁག་20ལྷག་ཙམ་ཡང་མང་དུ་བཏང་ཡོད་ཅེས་བཤད།
ཉི་མ་ཚེ་རིང་ནི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་དང་བླངས་པ་ཞིག་ཡིན། ཁོང་ལོ་ན་གཞོན་པའི་དུས་སུ་བོད་སྨན་ཐད་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་མྱོང་ཡོད། ལས་འཁྱུར་ངལ་གསོ་བྱས་རྗེས་ཉི་མ་ཚེ་རིང་གིས་ཆུ་ཤུར་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་རྒན་རྒོན་ལ་ལྟ་རྟོག་བྱེད་རོགས་བྱས་ནས་ཁོང་ཚོར་ཚ་བ་ཡོད་མེད་ལྟ་བ་དང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད།ཉིན་ལྟར་དཀའ་ལས་ཁག་ཀྱང་ཉི་མ་ཚེ་རིང་གི་སེམས་སུ་དགའ་སྤྲོའི་སྣང་བ་ཞིག་ཤར་གྱི་ཡོད། ཉི་མ་ཚེ་རིང་གིས་རྒན་རྒོན་ཚོར་ཞབས་འདེགས་ཞུ་བྱུང་བར་སེམས་ནང་ཧ་ཅང་དགའ་པོ་བྱུང་། ངས་ལས་དོན་དེ་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་བྱུང་།
སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ། མཉམ་སྐྲུན་མཉམ་སྤྱོད་བཅས་བྱས་ཏེ་ཆུ་ཤུར་རྫོང་གི་གཞི་རིམ་རྒན་གསོའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་རྒན་རྒོན་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཚེ་མཇུག་གི་འཚོ་བར་རོལ་བཞིན་ཡོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社