ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཕུན་སུམ་ཚོགས་པའི་འཛད་སྤྱོད་ཀྱི་རྣམ་པ་དང་། སྣ་མང་གི་རིག་གནས་བྱེད་སྒོ། དེ་བཞིན་དམིགས་བསལ་གྱི་རིག་གནས་ཁྱད་ཆོས་བཅས་ལ་བརྟེན་ནས་འཛད་སྤྱོད་ལ་གསོན་ཤུགས་གསར་པ་སྦྱིན་པས།མཚན་མོའི་གྲོང་ཁྱེར་དེ་སྔར་བས་གསོན་ཉམས་དོད་ལ་སྣ་མང་ཕུན་སུམ་ཚོཊ་པ་ཞིག་ཏུ་གྱུར་ཡོད། ཉིན་ཤས་གོང་།རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་དོན་གྲོང་རྔ་ཆེན་མཚན་མོའི་ཁྲོམ་ར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། ལྟ་བས་མི་ངོམས་པའི་ཟས་མཆོག་དང་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་རྒྱ་ཆེའི་གྲོང་མི་ཚོར་མཛེས་ལྗོངས་དང་། ཟས་མཆོག རིག་གནས་བཅས་གཞི་གཅིག་ཏུ་འདུས་ཤིང་སྤྲོ་སྐྱིད་ལྡན་པའི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།
ས་རུབ་པ་དང་བསྟུན་ནས་གྲོང་ཁྱེར་གྱི་འུར་སྒྲ་ཡང་རིམ་བཞིན་ཡལ། ཡིན་ན་ཡང་བྱང་སྐོར་ལམ་དང་ཤར་ཕྱོགས་ཀྱི་གཉིས་སྐོར་ལམ་གྱི་བསྣོལ་མཚམས་སུ་གནས་པའི་རྔ་ཆེན་མཚན་མོའི་ཁྲོམ་རར་མཚན་མོའི་ལས་གཉེར་བྱེད་འགོ་ཚུགས་ནས་ཉིན་གཅིག་རིང་གི་དུས་ཚོད་ཡག་ཤོས་དེ་དངོས་སུ་སླེབས་ཡོད། ལུག་ཤ་བསྲེགས་མ་དང་། ཕག་ཤ་སོབ་སོབ། སྣུམ་བཙོས་བག་ལེབ། ཞོག་ཁོག་བསྲེགས་མ། ཉ་ཤ་བསྲེགས་མ། ཞོ་དང་ཤིང་ཏོག་འདྲེས་མ་སོགས་མང་པོ་ཡོད་ཅིང་།སྲོལ་རྒྱུན་གྱི་སིལ་ཟས་ནས་གསར་གཏོད་ཀྱིས་ཕྱུག་པའི་དྲ་ཐོག་གི་ཟས་མཆོག་བར་བྲོ་བ་སྣ་ཁ་བརྒྱ་ལྷག་ཙམ་ལ་ཁྱེད་ཀྱིས་གང་འདོད་དུ་གདམ་ག་བྱེད་ཆོག དེ་དང་ཆབས་ཅིག་གནས་དེ་ནི་ཁྲོམ་ལ་འཆམ་འཆམ་བྱེད་པ་དང་ཟ་མ་བཟའ་ཞོར་དུ་ཅ་ལག་ཉོ་ཆོག་པའི་ས་ཆ་ཡག་པོ་ཞིག་ཀྱང་ཡིན། ཁྱོན་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཚོང་ཁང་60ལྷག་ཙམ་ཡོད་པ་དང་། དེའི་ནང་ཟས་མཆོག་དང་། སྤྲོ་གསེང་རོལ་རྩེད། སྣ་མང་ཕུམ་སུམ་ཚོགས་པའི་དངོས་ཟོག་སོགས་ཚུད་ཡོད། མཚན་མོའི་ཁྲོམ་རར་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མི་མང་པོ་ཡོད་པས་མཚན་མོའི་ལྷ་སར་གསོན་ཤུགས་རབ་ཏུ་འཕེལ་ཡོད། ཚོང་པ་དབྱང་ལུའེ་ཡིས་དེ་རིང་མཚན་མོའི་ཁྲོམ་རའི་ལས་གཉེར་འགོ་ཚུགས་པ་དང་། མི་ཡང་ཧ་ཅང་མང་པོ་འདུག ང་ཚོ་ཚོང་པ་ཚོ་ཡང་ཧ་ཅང་དགའ་པོ་བྱུང་། ང་ཚོའི་ཚོང་ཁང་གིས་གཙོ་བོ་ཕག་ཤ་སོབ་སོབ་དང་། ལེང་ཕིང་གྲང་མོ། ཐུག་པ་གྲང་མོ། ཁྲེང་ཏུའུ་མོག་ཚལ་བཅས་འཚོང་གིན་ཡོད། དེ་ཚོ་ཚང་མའི་བྲོ་བ་ཡང་ཞིམ་པོ་ཡོད། མིག་སྔར་ང་ཚོས་གཟིགས་སྐྱོང་གི་བྱེད་སྒོ་སྤེལ་བཞིན་ཡོད་པས། རྒྱ་ཆེའི་འཛད་སྤྱོད་པ་བྲོ་བ་མྱངས་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། མཚན་མོའི་ཁྲོམ་རའི་ཚོང་སྔར་བས་ཡག་པོ་ཡོང་བའི་ཡིད་ཆེས་ཀྱང་ཡོད་ཅེས་བཤད། རྔ་ཆེན་མཚན་མོའི་ཁྲོམ་རར་སྒོ་བྱང་སྣ་ཚོགས་ཀྱི་གློག་འོད་རབ་ཏུ་འཚེར་ཞིང་། མཁའ་རླུངས་ཀྱི་ཁྲོད་དུ་ཟས་མཆོག་སྣ་ཚོགས་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་གྱི་ཡོད། གྲལ་བསྟར་འགྲིག་ཅིང་ཚད་ལྡན་དང་གོ་རིམ་ལྡན་པའི་ཚོང་ཁང་སོ་སོའི་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཚོང་པ་ཚོ་བྲེལ་འཚུབ་ཆེ་ཞིང་སྐད་སྒྲ་མཐོ་བ་དང་། སྐུ་མགྲོན་ཚོའི་གླེང་མོལ་བྱེད་པའི་སྐད་སྒྲ་ཡང་གཅིག་འཇགས་གཅིག་ལངས་ངང་གྲགས་བཞིན་མཆིས། མཚན་མོའི་ཁྲོམ་རའི་ཕྱོགས་གཅིག་ནས་དྲི་ཞིམ་གང་སར་འཐུལ་བའི་ཟས་མཆོག་གིས་ཁེངས་ཡོད་པ་དང་། ཕྱོགས་གཞན་ཞིག་ལ་གླུ་གར་གྱིས་དགའ་བས་མྱོས་པའི་གར་སྟེགས་ཤིག་ཀྱང་ཡོད་པས། མི་རྣམས་ཀྱིས་སྐྱིད་སྣང་དོད་པའི་ལྷ་སའི་མཚན་མོའི་འཚོ་བར་ཉམས་ལེན་བྱེད་ཆོག་གི་ཡོད། གྲོང་མི་ཀྲང་ཁའེ་ཡིས་ངའི་ཁྱིམ་ཁྲོམ་ར་འདིའི་ཉེ་འགྲམ་དུ་ཡོད། ཁྲོམ་ར་འདིར་རྐང་ཐང་མར་ཡོང་ན་ཡང་སྐར་མ་ཁ་ཤས་ལས་འགོར་གྱི་མེད། དེ་རིང་ཆེད་མངགས་གྲོགས་པོ་དང་མཉམ་དུ་འདིར་འཆམ་འཆམ་ལ་ཡོང་བ་ཡིན། མཚན་མོའི་ཁྲོམ་ར་འདིའི་ནང་སིལ་ཟས་སྣ་ཁ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་བྲོ་བ་མི་འདྲ་བ་མྱོང་བའི་རེ་བ་སྐོང་ཐུབ། ད་ཆ་ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་སྔར་བས་ཡག་པོ་བྱུང་འདུག་ལ། ང་ཚོའི་མཚན་མོའི་འཛད་སྤྱོད་ཐད་གདམ་ག་སྣ་མང་ཅན་མཁོ་འདོན་བྱས་འདུག་ཅེས་བཤད།
གྲོང་མི་ལིའོ་རུའུ་དབྱིས་ཉིན་གཅིག་གི་ལས་ཀ་མཇུག་སྒྲིལ་རྗེས། མཚན་མོའི་ཁྲོམ་ར་ནས་འཁྲུག་ཆ་དོད་ལ་སྐྱིད་སྣང་དོད་པའི་རྣམ་པ་ཞིག་ཚོར་ཐུབ་པ་དང་། གནས་འདི་ནི་སོས་དལ་བག་ཕེབས་ངང་སྡོད་ཆོག་པའི་ས་ཆ་ཡག་པོ་ཞིག་ཀྱང་རེད། དེ་རིང་མཚན་མོའི་ཁྲོམ་རར་ནས་སྣུམ་བཙོས་བག་ལེབ་དང་ཉ་ཉོས་པ་ཡིན། བྲོ་བ་ཡང་ཞིམ་པོ་འདུག མཚན་མོའི་རླུང་བུ་དང་འགྲོགས་ནས་ཁྲོམ་རར་འཆམ་འཆམ་བྱེད་ཞོར་དུ་ཟས་མཆོག་གི་བྲོ་བར་མྱངས་ན་སྣང་བ་སྐྱིད་པོ་འདུག་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་དོན་གྲོང་གི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2བཏང་བ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.6ཙམ་ཟིན་ཡོད་ཅིང་། ལས་གཉེར་ཚོང་དུད་2000ལྷག་ཙམ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社