ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་8ཉིན་གྱི་དགོང་མོ། ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་དང་ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱིས་མཉམ་འབྲེལ་ཐོག་མཛུབ་ཁྲིད་བྱས་པ་དང་། པའེ་ཝེ(ཀྲུང་གོ)ཕྱིར་ཚོང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་ཇུས་འགོད་བྱས་པའི་སྤྲོ་བས་མྱོས་པའི་པའེ་ཝེ་སྦི་རག བཀྲ་ཤིས་བདེ་ལེགས་ཞེས་པའི་པའེ་ཝེ་སྦི་རག་ལྷ་སའི་རོལ་དབྱངས་སྤྲོ་ཚོགས་དེ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ལུས་རྩལ་ཐང་དུ་གཉེར་བ་རེད།
ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་འབོད་དང་བསྟུན་ནས་རོལ་དབྱངས་སྤྲོ་ཚོགས་འགོ་ཚུགས་ཡོད། དེ་རྗེས་བོད་རིགས་ཀྱི་གཞས་པ་དཔལ་ཆེན་དབང་རྒྱལ་དང་། མཉམ་སྡེབ་ཚོགས་པ་ANU གཞས་པ་བསོད་ནམས་དབང་མོ་དང་ཀླུ་སྒྲུབ་རྒྱ་མཚོ་བཅས་རེས་མོས་ཀྱིས་གར་སྟེགས་ཐོག་བསྐྱོད་ནས་ཁོང་ཚོའི་ཐུན་མོང་མ་ཡིན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་གླུ་སྙན་མོ་བླངས་ཡོད། སྐད་གྲགས་ཆེ་བའི་ནང་སའི་གཞས་པ་ཧའེ་ལའེ་ཨ་མུའུ་དང་ཧྲ་པའོ་ལེང་གཉིས་ཀྱིས་གླུ་བླངས་པར་རོལ་དབྱངས་སྤྲོ་ཚོགས་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ནས་ལྟད་མོ་བ་རྣམས་ལ་བལྟས་ན་མིག་གི་དགའ་སྟོན་དང་ཉན་ན་རྣ་བའི་བུ་རམ་ལྟ་བུའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
གཞས་པ་ཧའེ་ལའེ་ཨ་མུའུ་ཡིས་ལྷ་སར་ཡོངས་ཐེངས་དང་པོ་ཡིན། འདི་གའི་མཛེས་ལྗོངས་ལ་ང་རང་ཧང་སངས་བྱུང་། ངས་ལྷ་སའི་གྲོགས་པོ་རྣམས་ལ《ཁྱེད་ཀྱི་རི་ཆུ་ཁྲི་སྟོང》ཞེས་པའི་གླུ་གཞས་བླངས་པ་ཡིན། གླུ་གཞས་དེས་རང་ཉིད་ཀྱིས་ས་ཆ་འདིར་བཅངས་པའི་དགའ་ཞེན་མཚོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། གཞས་པ་ཧྲ་པའོ་ལེང་གིས་ལྷ་སར་ཡོང་ཐེངས་རེར་ངས་རེ་སྒུག་ཚད་མེད་བྱེད་ཀྱི་ཡོད། འདི་གའི་མཁའ་རླུང་དང་། ཡུལ་ལྗོངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱིས་ངའི་སེམས་ལ་བག་ཕེབས་ཀྱི་ཚོར་སྣང་ཞིག་ཡོང་གི་འདུག དེ་རིང་ངས་ཚང་མས་རྒྱུས་མངའ་ཡོད་པའི་གླུ་གཞས་རྙིང་པ་བླངས་པར་མ་ཟད། ད་དུང་ངའི་གླུ་གཞས་གསར་པ《སླར་ཡང་ཕྱིར་མིག་བལྟ》ཞེས་པ་ཐེངས་དང་པོ་བཏང་བས་ལྷ་སའི་གྲོགས་པོ་ཚོས་དགའ་པོ་ཡོང་བའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་རོལ་དབྱངས་སྤྲོ་ཚོགས་ནི་རོལ་དབྱངས་ཀྱི་སྟོན་མོ་ཞིག་ཡིན་པར་མ་ཟད། ལྷ་སའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ཞིག་ཀྱང་རེད། ལྷ་ས་འདི་ཉིད་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ལྷ་སའི་དར་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་དང་ཁོང་ཡངས་ཀྱི་སྙིང་སྟོབས་མངོན་ཡོད་པས།ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
དེ་དང་ཆབས་ཅིག་རོལ་དབྱངས་སྤྲོ་ཚོགས་བདེ་བླག་ངང་གཉེར་ཐུབ་པར་སྤྱི་བདེ་དང་། མེ་ཟོན། འཕྲིན་གཏོང་། གློག་ཤུཊ། བདེ་སྲུང་སོཊ་འགན་ནུས་ཚན་མང་པོ་དང་གཞོན་ནུ་དང་བླངས་པ་100ལྷག་ཙམ་གྱི་སྤུས་ལེགས་ཞབས་ཞུ་དང་མཉམ་ལས་དམ་ཟབ་བྱས་པ་དང་ཁ་འབྲལ་ཐབས་མེད་པས། ལྟད་མོ་བར་འཐུས་ཚང་དང་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་གྱི་ཕྱི་རོལ་དུ་འགྲིམ་འགྲུལ་ཉེན་རྟོག་ཚན་པས་བདེ་འཇགས་འགན་སྲུང་དང་རིན་མེད་ཀྱི་རྒྱུན་བཙུགས་རླངས་འཁོར་གྱི་སྟབས་བདེའི་ཞབས་ཞུ་ལས་ལྟད་མོ་བར་ལྷ་ས་གྲོང་ཁྱེར་གྱི་དྲོ་སྐྱིད་ཚོར་ཐུབ་པར་བྱུང་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社