ཟླ་8ཚེས་10ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་བྱེད་སྒོའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་།ཀྲུང་གོ་ཚན་རིག་ཁང་ཞིབ་ཚགས་ཚད་འཇལ་ཚན་རིག་དང་ལག་རྩལ་གསར་གཏོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།ཡོན་ཀྲང་གཞོན་པ་བཅས་ཡིན་པའི་ཉི་སི་ཏའོ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཉི་མ་བཀྲ་ཤིས།རིགས་གཅིག་མཁས་ཅན། དགེ་རྒན་ཆེན་མོ་བ། ལས་རིགས་ཀྱི་འཐུས་མི། དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་བཅས་ལྷ་སར་འཛོམས་ནས་ཤེས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དེ་འཕེལ་རྒྱས་ཀྱི་གོ་སྐབས་དང་། མདུན་ལམ་དང་ཕུགས་འདུན་མངོན་འགྱུར། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་སྤེལ་འགོ་ཚུགས་ཡོད།
ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་རིམ་གསུམ་བརྟག་ཞིབ་པ་ཝང་ལུང་ཁྲང་གིས་ད་ཐེངས་ཀྱི་ཤེས་ལྡན་པའི་གཟའ་འཁོར་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ཤེས་ལྡན་པའི་ཡིད་དབང་འགུག་པ་དང་གཅིག་ཏུ་བསྡུས་ནས་རིགས་ཁག་གི་ཤེས་ལྡན་པར་ཤེས་ཡོན་ངོམ་པའི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་ཡིན་པ་དང་།ཕྱོགས་གཞན་ཞིག་ནས་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་དང་གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།ཤེས་ལྡན་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལྷག་པར་དུ་ལྗོངས་ཕྱིའི་ཤེས་ལྡན་པ་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། དུས་མཚུངས་སུ་ཤེས་ལྡན་པའི་གཏོགས་སེམས་དང་མོས་སེམས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཤེས་ལྡན་པར་བརྩི་འཇོག་དང་། ཤེས་ལྡན་པར་བརྩི་མཐོང་བྱེད་པ། ཤེས་ལྡན་པ་གསོ་སྐྱོང་དང་འགུག་ཐབས་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་ཆེད་དུ་ཡིན་ཞེས་བཤད་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག ཚོགས་ཞུགས་འགོ་ཁྲིད་ཀྱིས་རང་གྲོང་གི་རིགས་དང་པོའི་ཤེས་ལྡན་པར་ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་པའི་ངོས་འཛིན་ལག་ཁྱེར་སྤྲད་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་ཤེས་ལྡན་པའི་ལས་དོན་གྱི་སྔོན་ཐོན་ཁེ་ལས་ལ་གཟེགས་རྟགས་ཀྱང་སྤྲད་པ་རེད། ལྷ་ས་གྲོང་ཁྱེར་ཤེས་ལྡན་པའི་ལས་དོན་གྱི་སྔོན་ཐོན་ཁེ་ལས་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་ཁེ་ལས་ཀྱི་འགན་འཁུར་བས་ཁེ་ལས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ།ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་བཏང་ནས་ཤེས་ལྡན་པ་དེ་བས་མང་བས་ལྷ་སར་ནུས་པ་འདོན་པ་དང་བྱས་རྗེས་འཇོག་ཐུབ་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། བོད་ལྗོངས་ལིང་ཀོང་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིའི་ཁྲིམས་མི་ཀྲུའུ་ཝུན་ཐའོ་ཡིས་ཁེ་ལས་གྲངས་གཞི་ཅན་གྱི་ཕྱོགས་སུ་སྒྱུར་བའི་བརྒྱུད་རིམ་ཁྲོད་དུ་ཀུང་སི་དེས་ཤེས་ལྡན་པ་ནང་འདྲེན་བྱེད་པ་ཕུད། ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་པ་གཞི་ཚུགས་སུ་འཇུག་པ་དང་འབྲེལ་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡོད། ང་ཚོས་ཧྭ་ཝུའེ་སོགས་གྲགས་ཅན་ཁེ་ལས་ཁག་གཅིག་ནས་ཤེས་ལྡན་པ་ནང་འདྲེན་བྱས་ཏེ།མཉམ་ལས་བྱེད་སྟངས་སྤྱད་ནས་ཤེས་ལྡན་པ་ལས་གནས་ཐོག་སྡོད་ཐུབ་པ་དང་།ས་གནས་འདི་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་བརྒྱུད་རོགས་ཁྲིད་གསུམ་གྱི་བྱ་ཐབས་སྤྱད་དེ་ས་གནས་དེ་གའི་ཤེས་ལྡན་པའི་ལག་རྩལ་རྩལ་ནུས་མཐོ་རུ་གཏོང་གི་ཡོད། དུས་མཚུངས་སུ་ང་ཚོས་ད་དུང་རྒྱལ་ནང་གི་གྲགས་ཅན་ཚན་ཞིབ་ཁང་དང་མཉམ་ལས་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་དང་དེ་བཞིན་ཚན་རྩལ་གསོ་སྐྱོང་བྱེད་ཀྱི་ཡོད་ཅེས་བཤད།
འགོ་ཚུགས་མཛད་སྒོའི་གྲུབ་འབྲས་གལ་ཆེན་ནི་ཧར་པིན་བཟོ་ལས་སློབ་ཆེན་དང་སྲིད་དོན་དངོས་སྦྱོང་ལག་ལེན་གྱི་རྟེན་གཞི་མཉམ་སྐྲུན་དང་།སྤེལ་རེས།མཉམ་ལས་བཅས་ཀྱི་གྲོས་མཐུན་བཞག་པ་དེ་རེད། འབྱུང་འགྱུར་ལྷ་ས་གྲོང་ཁྱེར་དང་ཧར་པིན་བཟོ་ལས་སློབ་ཆེན་གྱིས་ལག་གདང་སྦྲེལ་ནས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་།མཉམ་ལས་ཀྱི་ནང་དོན་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་གང་ཐུབ་བྱས་ཏེ།ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
ཧར་པིན་བཟོ་ལས་སློབ་ཆེན་སློབ་མའི་ལས་དོན་པུའི་པུའུ་ཀྲང་གཞོན་པ་དང་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་གནང་མཁན་ཝང་ཧྥང་གིས་ང་ཚོས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མང་བའི་ལས་ཞུགས་པ་གསོ་སྐྱོང་གི་བྱེད་སྒོ་སྤེལ་བ་བརྒྱུད།ཚན་ཞིབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲུབ་འབྲས་ཁག་གཅིག་སླར་ཡང་སྔོག་འདོན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་ཞིབ་གྲུབ་འབྲས་ཁག་གཅིག་ལྷ་སར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྷ་སས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་བརྩམ་ཆེད་དུ་བློ་བརྟན་འགྱུར་མེད་ཀྱི་ཤེས་ལྡན་པའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད། ཝང་ལུང་ཁྲང་གིས་གྲོས་མཐུན་བཞག་པའི་དམིགས་ཡུལ་གཙོ་བོ་ནི་ཧར་པིན་བཟོ་ལས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མར་སྲིད་དོན་དངོས་སྦྱོང་གི་རྟེན་གཞི་ཞིག་མཁོ་འདོན་བྱས་ཏེ།ཕུལ་བྱུང་གི་ཤེས་ལྡན་པ་དེ་བས་མང་བས་ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་པར་དགའ་ཞེན་དང་ཤེས་ལྡན་པ་ནང་འདྲེན་བྱེད་པའི་ཁོར་ཡུག་བཟང་པོ་ཤེས་རྟོགས་ཐུབ་པར་བྱས་ནས་ཤེས་ལྡན་པ་དེ་བས་མང་བ་སློབ་གྲྭ་ནས་ཐོན་རྗེས་ལྷ་སར་ལས་ཞུགས་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་དེ་རེད། ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བར་ལྗོངས་ཕྱིར་སྐྱོད་པའི་གོ་སྐབས་མཁོ་འདོན་བྱས་ཏེ།རྣམ་པ་མི་འདྲ་བའི་ལག་ལེན་གྱི་གསོ་སྦྱོང་དང་རིགས་པའི་གཞུང་ལུགས་གི་གསོ་སྦྱོང་བྱས་པ་བརྒྱུད།ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་ཤེས་ལྡན་པའི་མཐོང་རྒྱ་ཆེ་རུ་གཏོང་བའི་གོ་སྐབས་སྔར་བས་ཆེ་རུ་བཏང་ནས་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བའི་འཚར་ལོངས་ལ་སྦྱོང་བརྡར་བྱ་རྒྱུར་ཁོར་ཡུག་དེ་བས་ལེགས་པ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ད་ལྟའི་ལྷ་སར་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་།མི་དམངས་བདེ་སྡོད་ལས་བརྩོན་བྱེད་བཞིན་པ་བཅས་ལས་བྱུང་བའི་གྲུབ་འབྲས་ནི་བོད་ལྗོངས་འཛུགས་སྐྲུན་དང་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་བཅངས་པའི་གཞོན་ནུ་གྲངས་མེད་ཀྱིས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད་ལ།སློབ་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་པའི་ས་མཐོའི་བུ་ཕྲུག་གྲངས་མེད་ཀྱིས་འབད་བརྩོན་དང་ལེགས་སྐྱེས་ཕུལ་བ་དང་ཡང་ཁ་འབྲལ་ཐབས་མེད། གཞན་ཡང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཤེས་ལྡན་པ་འཕེལ་རྒྱས་གཏོང་ཆེད་བཏོད་པའི་སྲིད་ཇུས་བཟང་པོ་དང་ཡང་ཁ་འབྲལ་ཐབས་མེད།
སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཤིན་ཡོན་གྱིས་2016ལོར་རང་ཉིད་ཤེས་ལྡན་པ་ནང་འདྲེན་གྱི་སྲིད་ཇུས་ལ་བརྟེན་ནས་ལྷ་སར་ཡོང་རྒྱུ་གདམ་ག་བྱས་པ་ཡིན། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社