分享按钮

ཀྲུང་དབྱང་གླུ་གར་ཁང་གི་ལྷ་སའི་འཚམས་འདྲིའི་འཁྲབ་སྟོན་བདེ་བླག་ངང་མཇུག་འགྲིལ་བ།

(པར་ངོས་དང་པོར་མཐུད)གར་སྟེགས་ཐོག་གི་འཁྲབ་སྟོན་བྱེད་སྟངས་ཀྱང་བསླབས་བྱུང་བས། རྩ་ཆེའི་ཉམས་མྱོང་དེ་དག་གིས་ང་ལ་འབྱུང་འགྱུར་གྱི་རོལ་དབྱངས་ལམ་བུའི་ཐོག་འབད་བརྩོན་བྱ་རྒྱུར་སྐུལ་མ་ཐེབས་བྱུང་ཞེས་བཤད།

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་3པར། ཀྲུང་དབྱང་གླུ་གར་ཁང་གིས་ལྷ་ས་གྲོང་ཁྱེར་དར་དམར་ཁྲོམ་གཞུང་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། འཁྲབ་སྟོན་དེ་ཀྲུང་དབྱང་གླུ་གར་ཁང་གི་གླུ་གཞས་མཁས་ཅན་ཡོངས་ཀྱིས་བླངས་པའི《ལེ་དབར་ཁྲི་བཅུ་ཡི་དཔྱིད་རླུང》ཞེས་པའི་གླུ་དབྱངས་ཀྱི་ཁྲོད་འགོ་ཚུགས་པ་དང་དེ་རྗེས་སྒྱུ་རྩལ་མཁས་ཅན་ཚོས་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་རེད། ཀྲུང་དབྱང་གླུ་གར་ཁང་གི་བུད་མེད་ཀྱི་གཞས་གདངས་འབྲིང་བ་སུན་ཞུའེ་མན་གྱིས་ད་རེས་ནི་ང་རང་ལྷ་སར་ཡོང་ཐེངས་བཞི་པ་ཡིན། ལྟད་མོ་བ་ཚོ་དགའ་པོ་བྱུང་བ་མྱོང་ཚོར་བྱུང་ཞེས་གསར་འགོད་པར་བཤད།

དེ་རིང་སྡེ་ཁུལ་དུ་ཀྲུང་དབྱང་གླུ་གར་ཁང་གི་སྒྱུ་རྩལ་མཁས་ཅན་ཕེབས་ཤིང་། ཁོང་ཚོས་འཁྲབ་སྟོན་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ད་ཆ་ང་ཚོས་ཁྱིམ་ནས་མི་ཐོན་དགོས་པར་མཛེས་སྡུག་ལྡན་པའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་དང་།སྤྲོ་སྣང་ཧ་ཅང་ཆེན་པོ་ཡོང་གི་འདུག་ཅེས་མང་ཚོགས་སྐྲ་བཟང་གིས་བཤད།

ཐེངས་འདིའི་བྱེད་སྒོ་དེས་བོད་ལྗོངས་ཇོ་མོ་གླང་མའི་ན་གཞོན་མཉམ་གཞས་ཚོགས་པའི་ཁོངས་མི་ཆུང་ཆུང་ཚོར་ཆེད་ལས་མཛུབ་ཁྲིད་རྩ་ཆེན་བྱས་པར་མ་ཟད། ལེ་ཚན་རབ་དང་རིམ་པ་རྩོམ་སྒྲིག་ཞིབ་ཚགས་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་བཤམས་ཏེ།དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།

ཚེས་8ཉིན་གྱི་སྔ་དྲོར། ཀྲུང་དབྱང་གླུ་གར་ཁང་གིས“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།

ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧུའེ་ཡིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

སྔ་དྲོའི་ཆུ་ཚོད་10ཡས་མས་སུ། མཁའ་དབྱིངས་སུ་ཆར་ཟིམ་བབས་ཀྱང་སྤྱི་གླིང་ནང་སྔ་ས་ནས་མི་ཚོགས་ཀྱིས་ཁེངས་ཤིང་། གྲོང་མི་མང་ཚོགས་དང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་སྔ་སྣུར་དུ་སླེབས་ནས་སྐོར་བ་གཅིག་བསྒྲིགས་ཏེ།རེ་སྒུག་ཆེན་པོས་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་དེ་སྒུག་བཞིན་བསྡད་ཡོད།

ང་རང་ལྷ་སར་ཡོང་ཐེངས་གསུམ་པ་ཡིན། ས་མཐོའི་མཁའ་རླུང་གིས་དཀའ་ངལ་འཕྲད་ཀྱང་། ངས་སྔར་བཞིན་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་ཡུལ་མི་རྣམས་ལ་གཞས་གཏོང་གི་ཡོད། ང་དགའ་འོས་པ་ཞིག་ནི་འཁྲབ་སྟོན་མ་བྱས་གོང་ཆར་པ་ཟིམ་ཟིམ་བབས་ཀྱང་།ལྟད་མོ་བ་ཚོའི་སྤྲོ་སྣང་སྔར་བཞིན་ཆུང་དུ་ཕྱིན་མི་འདུག་ཅེས་སྐྱེས་པའི་གཞས་གདངས་མཐོ་བའི་གཞས་པ་ལི་ཅིན་ཧྲུའོ་ཡིས་བཤད།

འཁྲབ་སྟོན་དེ་ཀྲུང་དབྱང་གླུ་གར་ཁང་གི་གླུ་གཞས་མཁས་ཅན་ཡོངས་ཀྱིས་རབ་ཏུ་དགའ་བའི《ལེ་དབར་ཁྲི་བཅུ་ཡི་དཔྱིད་རླུང》ཞེས་པའི་ནང་དངོས་སུ་སྤེལ་འགོ་ཚུགས་པ་དང་སྐད་ཅིག་ཉིད་དུ་ས་གནས་ས་ཐོག་གི་རྣམ་པ་ཁྲུག་པོར་གྱུར་ཡོད། དེ་རྗེས་སྒྱུ་རྩལ་མཁས་ཅན་ཚོས་རེས་མོས་བྱས་ནས་ལྟད་མོ་བར《པེ་ཅིང་གི་གསེར་རི》དང《ངེས་མེད་རྒོལ་རྡུང་རུ་ཁག་གི་གླུ་དབྱངས》 《ངའི་ཉི་མ》 དེ་བཞིན《ཏ་པན་གྲོང་གི་བུ་མོ》སོགས་གླུ་དབྱངས་རྩེ་གྲ་མང་པོ་འཁྲབ་སྟོན་བྱས་པ་རེད། རྩོམ་སྒྲིག་ཞིབ་ཚགས་བྱས་པའི་ལེ་ཚན་དེ་དག་ལས་ཀྲུང་དབྱང་གླུ་གར་ཁང་གི་སྒྱུ་རྩལ་མཁས་ཅན་གྱི་རྩེར་སོན་སྒྱུ་རྩལ་མངོན་པར་མ་ཟད། རིག་གནས་ཀྱི་ནང་དོན་ཟབ་མོ་དང་བརྩེ་དུང་ཟབ་མོ་དེ་བས་བརྒྱུད་སྤྲོད་བྱས་ཡོད།

ཡུལ་སྐོར་བ་ཡན་ཧྲི་ཅང་གིས་ང་རང་ལྷ་སར་ཡོང་ཐེངས་དང་པོ་ཡིན། སྟབས་ལེགས་ནས་ཀྲུང་དབྱང་གླུ་གར་ཁང་གི་ཆུ་ཚད་མཐོ་བའི་འཁྲབ་སྟོན་ལ་ལྟ་ཐུབ་པ་བྱུང་བས་ཧང་སངས་བྱུང་། ཀྲུང་དབྱང་གླུ་གར་ཁང་གིས་རྒྱལ་ཡོངས་ས་གནས་ཁག་ཏུ་དེ་དང་འདྲ་བའི་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གླུ་གར་ཁང་གིས་ཟླ་8ཚེས་10དང་ཚེས་11ཉིན་ནག་ཆུ་གྲོང་ཁྱེར་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད། རྒྱ་མཚོའི་ངོས་ལས་མཐོ་ཚད་དེ་བས་མཐོ་བ་དང་འགྲན་སློང་དེ་བས་ཛ་དྲག་ཆེ་བའི་མདུན་དུ་སྒྱུ་རྩལ་མཁས་ཅན་ཚོས་འགན་འཁྲི་ཕྲག་ཏུ་འཁུར་ཞིང་གླུ་སྒྲ་ལ་བརྟེན་ནས་བརྩེ་དུང་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱས་ཏེ། དུས་རབས་གསར་པའི་མི་དམངས་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་དེ་བས་མང་བ་སྤྱན་ལམ་དུ་འབུལ་རྒྱུ་རེད།

ཀྲུང་དབྱང་གླུ་གར་ཁང་གི་ཡོན་ཀྲང་དང་། སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ། ཨོག་ལེན་ཆུང་བ་དཀྲོལ་མཁན་བཅས་ཡིན་པའི་ལིའུ་ཡུན་ཀྲིས་སྒྱུ་རྩལ་མཁས་ཅན་ཚོས་ས་མཐོའི་ཐོག་ཚེ་སྲོག་ལ་བརྟེན་ནས་འཁྲབ་སྟོན་བྱས་པ་དང་།གླུ་གཞས་ཚང་མར་བརྩེ་སེམས་དང་སྟོབས་ཤུགས་ཀྱིས་ཁེངས་ནས་ལྟད་མོ་བ་ཚང་མའི་ཡིད་དབང་རབ་ཏུ་འཕྲོག་ཡོད། ལྟད་མོ་བ་ཚོའི་བདེ་སྐྱིད་ཀྱི་འཛུམ་མདངས་མཐོང་སྐབས་སྒྱུ་རྩལ་གྱི་སྟོབས་ཤུགས་དང་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བྱུང་། ཀྲུང་དབྱང་གླུ་གར་ཁང་གིས“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ཏེ། རིག་གནས་ཁྱིམ་ཚང་ཁྲི་ལ་སྤེལ་བའི་བྱེད་སྒོའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་དང་།མི་དེ་བས་མང་བ་ཞིག་ལ་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་སྒྱུ་རྩལ་གྱི་སྟོབས་ཤུགས་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 6 6 拉萨日报藏文 c186063.html 1 ཀྲུང་དབྱང་གླུ་གར་ཁང་གི་ལྷ་སའི་འཚམས་འདྲིའི་འཁྲབ་སྟོན་བདེ་བླག་ངང་མཇུག་འགྲིལ་བ། /enpproperty-->