分享按钮

རྒྱན་ཤོག་འཚོང་མཁན་སྦྱིན་བདག་གིས་རྒྱན་ཤོག་ཚབ་ཉོ་བྱས་པར་སྒོར་ཁྲི་600ལྷག་ཙམ་གྱི་བྱ་དགའ་ཐོབ་རྗེས་དོ་བདག་ལ་རྩིས་སྤྲད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་1པོའི་ཐོག ནོར་བུས(གསང་མིང)ཉང་བྲན་ལམ་གྱི་ཨང་རྟགས་205ཡི་རྒྱན་ཤོག་འཚོང་མཁན་སྦྱིན་བདག་མ་ཧའེ་ཡན་གྱིས་སྤྲད་པའི་རྒྱན་ཤོག་ལེན་སྐབས་སེམས་འགུལ་ཐེབས་བཞིན་དུ་རྒྱན་ཤོག་འདི་སྤྱིར་བཏང་གི་རྒྱན་ཤོག་ཅིག་མ་ཡིན་པར།དེ་ནི་རིང་ཐང་སྒོར་ཁྲི་662རི་བའི་རྒྱན་ཤོག་ཅིག་རེད་ཅེས་བཤད།

ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པར་ཁོང་གིས་འཕྲིན་ཕྲན་ཐོག་ནས་མ་ཧའེ་ཡན་ལ་སྒོར་80ཡི་རྒྱན་ཤོག་ཉོ་རྒྱུའི་ཁུག་དམར་བསྐུར་ཡོད་པ་རེད། ཚེས་4ཉིན་གྱི་དགོང་མོའི་ཆུ་ཚོད་10པར་མ་ཧའེ་ཡན་གྱིས་འཕྲིན་ཕྲན་ཐོག་ནས་ཁོང་ལ་ཚོན་མདོག་གཉིས་ལྡན་གྱི་སྤོ་ལོའི་རྒྱན་ཤོག་ཉོས་པར་སྒོར་ཁྲི་600ལྷག་ཙམ་གྱི་བྱ་དགའ་ཆེན་པོ་ཐོབ་འདུག་ཅེས་བཤད་ཡོད། སྐད་ཆ་དེར་ནོར་བུ་ཡིད་གཏན་ནས་ཆེས་མེད། གང་ལགས་ཤེ་ན། དེ་སྔོན་ཁོང་ལ་སྒོར་5དང་སྒོར་10བཅུ་ཕྲག་ཁ་ཤས་ཀྱི་བྱ་དགའ་ལས་ཐོབ་མྱོང་མེད་པས་ཡིན། ནོར་བུར་སེམས་འགུལ་ཆེན་པོ་ཐེབས་པ་ནི་རྒྱན་ཤོག་འཚོང་མཁན་སྦྱིན་བདག་མ་ཧའེ་ཡན་གྱིས་ནོར་བུས་བྱ་དགའ་ཐོབ་པའི་རྒྱན་ཤོག་ལེན་པའི་བར་དུ་སྒུག་ནས་བསྡད་ཡོད་པ་དེ་རེད།

ལྷ་སར་ཕན་བདེའི་རྒྱན་ཤོག་ཚོང་ཁང་གཉེར་ནས་ལོ་13སོང་རིང་།ཕ་ཡུལ་ཧོ་ནན་ཁའེ་ཧྥེང་ནས་ཡིན་པའི་མ་ཧའེ་ཡན་དང་རྒྱན་ཤོག་ཉོ་མཁན་མང་པོ་ཞིག་གྲོགས་པོར་གྱུར་ཡོད། ཁོང་གིས་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ནས་རྟག་ཏུ་རྒྱན་ཤོག་ཉོ་མཁན་གྲོགས་པོ་དང་མཉམ་དུ་རྒྱན་ཤོག་གི་ཨང་གྲངས་ལ་གྲོས་བསྡུར་བྱེད་ཀྱི་ཡོད། རྒྱན་ཤོག་ཉོ་མཁན་མང་པོ་ཞིག་གིས་ཁོང་ལ་ཡིད་ཆེས་བྱས་ནས་སྐད་འཕྲིན་ཐོག་དངུལ་བསྐུར་ནས་རྒྱན་ཤོག་ཉོ་རོགས་ཞེས་ཤོད་ཀྱི་ཡོད།

ན་ནིང་དགུན་ཁར་ལྷ་སར་གཞུང་དོན་སྒྲུབ་པར་ཡོང་བའི་ནོར་བུས་མ་ཧའེ་ཡན་གྱི་རྒྱན་ཤོག་ཚོང་ཁང་ནས་རྒྱན་ཤོག་ཐེངས་དང་པོ་ཉོས་པ་རེད། དུས་རྒྱུན་ནོར་བུ་ནག་ཆུར་ལས་ཀ་བྱེད་ཀྱི་ཡོད་པས་མ་ཧའེ་ཡན་ལ་འཕྲིན་ཕྲན་ཐོག་དངུལ་བསྐུར་ནས་རྒྱན་ཤོག་ཉོ་ཡི་ཡོད། མ་ཧའེ་ཡན་ནི་བློས་འགེལ་ཆོག་པའི་མི་ཞིག་ཡིན་པས།མ་ཧའེ་ཡན་གྱི་སེམས་འགུལ་ཐེབས་པའི་གནས་ཚུལ་འདི་མི་མང་པོས་ཤེས་རྗེས།མི་ཁ་ཤས་ཀྱིས་ཁོ་མོར་རང་ལྐུགས་པ་རེད།བྱ་དགའ་ཐོབ་པའི་རྒྱན་ཤོག་རང་གི་ལག་ཏུ་ཡོད་པས་སྒོར་ཁྲི་662དེ་དག་རང་གི་རེད་ཅེས་བཤད།མ་ཧའེ་ཡན་གྱིས་ངས་ཧམ་སེམས་དེ་འདྲ་འཆང་མ་མྱོང་།རྒྱན་ཤོག་གི་འཚོང་རྒྱག་སྐབས་གཙོ་བོ་ཡིད་ཆེས་ལ་བརྟེན་དགོས།དེ་ཡང་ལྷ་སའི་རྒྱན་ཤོག་འཚོང་མཁན་གྱི་རྩ་དོན་དང་དད་སེམས་རེད་ཅེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186051.html 1 རྒྱན་ཤོག་འཚོང་མཁན་སྦྱིན་བདག་གིས་རྒྱན་ཤོག་ཚབ་ཉོ་བྱས་པར་སྒོར་ཁྲི་600ལྷག་ཙམ་གྱི་བྱ་དགའ་ཐོབ་རྗེས་དོ་བདག་ལ་རྩིས་སྤྲད་པ། /enpproperty-->