ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་8ཉིན་གྱི་ཕྱི་དྲོར། དུས་ཡུན་ཉིན་5ཡི་2024ལོའི་ལྷ་སའི་ཞོ་སྟོན་རིང་གི་ནང་འདྲེན་དངོས་ཟོག་ཚོང་འདུས་དེ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་བདེ་བླག་ངང་མཇུག་འགྲིལ་བ་རེད། སྐབས་འདིའི་ཚོང་འདུས་ཐོག་ལྟད་མོ་བ་ཁྲི་20ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་། གྲངས་གཞི་འདིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པར་མ་ཟད། ནང་འདྲེན་དངོས་ཟོག་ཚོང་འདུས་ཀྱིས་དངོས་ཟོག་འགྲེམས་སྟོན་དང་། ཚོང་དོན་གྲོས་མོལ། ལས་རིགས་བར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡང་གང་ལེགས་མངོན་ཡོད་པ་རེད།
ཁྱེད་ཚོས་ཉིན་5ཡི་རིང་ལ་ང་ཚོའི་2024ལོའི་ལྷ་སའི་ཞོ་སྟོན་རིང་གི་ནང་འདྲེན་དངོས་ཟོག་ཚོང་འདུས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དང་བླངས་ལས་དོན་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ཁྱེད་ཚོར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲོད་རྒྱུ་ཡིན་ཞེས་བཤད་པ་རེད།
ཞོ་སྟོན་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་དུ། སློབ་ཆེན་སློབ་མའི་དང་བླངས་པ་30ཡིས་ལས་དོན་པའི་ལག་ནས་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་ལེན་བཞིན་ཡོད་པ་རེད། ད་ཐེངས་ཀྱི་ཚོང་འདུས་སྐབས་སུ། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སོགས་ནས་སློབ་ཆེན་སློབ་མའི་དང་བླངས་པ་30བསྡུས་ཤིང་། ཁོང་ཚོའི་ཁྲོད་ནས་ཁག་གཅིག་གིས་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས་ཕྱི་རྒྱལ་གྱི་ཚོང་པར་ལོ་ཙཱ་བྱས་པ་དང་། ཁག་གཅིག་གིས་ངང་རྒྱུད་རིང་པོའི་སྒོ་ནས་གྲོང་མི་དང་ཡུལ་སྐོར་བར་ཚོང་ཟོག་གི་ཁྱད་ཆོས་འགྲེལ་བཤད་དང་དོགས་གཞིར་ལན་འདེབས་པ། ཡང་ཁག་གཅིག་གིས་ཞོགས་པའི་ཉི་འོད་དང་འགྲོགས་ནས་ཉིན་ལྟར་གྲོང་མི་དང་ཡུལ་སྐོར་བར་བསུ་བ་ཞུས་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཡོང་བའི་སློབ་མ་སྐལ་བཟང་སྒྲོལ་མ་ཉིན་ལྟར་ཚོགས་རའི་གང་སར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པས་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་དེ་ཡང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
དང་བླངས་པ་སྐལ་བཟང་སྒྲོལ་མས་ད་ཐེངས་ཚོང་འདུས་ཀྱི་དང་བླངས་བྱེད་སྒོར་ཞུགས་པར་ཧ་ཅང་དགའ་པོ་བྱུང་། ངའི་ལས་ཀ་གཙོ་བོ་ནི་གྲོང་མིར་ཞབས་འདེགས་ཞུ་རྒྱུ་དེ་ཡིན། དཔེར་ན། ཆུ་སྐྱེལ་བ་དང་། ལམ་སྟོན་པ་བྱེད་པ་སོགས་ཡིན། ང་ནི་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན། གོ་སྐབས་འདི་འདྲ་ཞིག་རག་པར་ངའི་ངོས་ནས་བརྗོད་ན་ཧ་ཅང་རྩ་ཆེན་ཞིག་ཡིན་ལ་སྦྱོང་བརྡར་ཞིག་ཀྱང་ཡིན། སླད་ཕྱིན།གོ་སྐབས་འདི་འདྲ་བྱུང་ཚེ་ང་རང་མུ་མཐུད་ནས་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社