分享按钮

བོད་ལྗོངས་ཀྱི་རྩོམ་པ་པོ་གཉིས་ལ་ རྟ་མཆོག་བྱ་དགའ་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་རྟ་མཆོག་བྱ་དགའ་སྐབས་བཅུ་གསུམ་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྱི་བརྩམས་ཆོས་གཉིས་ལ་བྱ་དགའ་ཐོབ་པ་དང་། དེ་གཉིས་ནི་ཉི་མ་ཕན་ཐོགས་ཀྱི་བརྩམས་སྒྲུང་རིང་གྲས《ས་མཐོར་ཡོད》ཅེས་པ་དང་། འཇིགས་མེད་ཕུན་རྒྱལ་གྱི་སྙན་ཞུའི་རྩོམ་རིག《བདེ་སྐྱིད་ཀྱི་འགྱུར་ཁུག་སྟེ། བོད་ལྗོངས་ཀྱི་དབུལ་སྒྲོལ་གྱི་མཉམ་སྒྲོག་རོལ་དབྱངས》ཞེས་པ་དེ་རེད། འདི་ནི་2016ལོ་ནས་བཟུང་། བོད་ལྗོངས་སུ་བརྩམས་ཆོས་གཉིས་ལ་དུས་གཅིག་ཏུ་བྱ་དགའ་ཐོབ་ཐེངས་དང་པོ་དེ་ཡིན་པ་དང་། བོད་ལྗོངས་ཀྱི་རྩོམ་རིག་ལས་རིགས་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཀྱང་རེད།

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་དང་། མའོ་ཏུན་རྩོམ་རིག་བྱ་དགའ། ལུའུ་ཞུན་རྩོམ་རིག་བྱ་དགའ། རྒྱལ་ཡོངས་ཀྱི་ཕུལ་བྱུང་བྱིས་པའི་རྩོམ་རིག་བྱ་དགའ་བཅས་ལ་ཀྲུང་གོའི་རྩོམ་རིག་གི“བྱ་དགའ་ཆེན་པོ་བཞི”ཞེས་བརྗོད་ཀྱི་ཡོད། བྱ་དགའ་འདི་1981ལོར་བཙུགས་པ་ནས་བཟུང་། ཕུལ་བྱུང་རྩོམ་རིག་བརྩམས་ཆོས་འབོར་ཆེན་ཐོན་པ་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་འབོར་ཆེན་གསོ་སྐྱོང་བྱས་ནས་རང་རྒྱལ་གྱི་མི་རིགས་མང་པོའི་རྩོམ་རིག་དར་རྒྱས་གོང་འཕེལ་གཏོང་བའི་རྨང་རྡོ་བརྟན་དུ་བཏང་ཡོད། སྐབས་འདིའི་རྟ་མཆོག་བྱ་དགའི་དཔྱད་བསྡུར་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་རྩོམ་རིག་བརྩམས་ཆོས་ཁྱོན་381དང་ལོ་ཙཱ་བ་11དཔྱད་བསྡུར་ནང་ཞུགས་ཡོད། དེའི་ནང་བོད་ལྗོངས་ཀྱི་བརྩམས་ཆོས་12དང་ལོ་ཙཱ་བ་1དཔྱད་བསྡུར་ནང་ཚུད་ཡོད་པ་དེ་ནི་སྐབས་རིམ་བྱུང་གི་མང་ཤོས་རེད།

བོད་ལྗོངས་ཀྱི་བརྩམས་ཆོས་གཉིས་ལ་བྱ་དགའ་ཐོབ་པ་དེ་ནི་རང་ལྗོངས་ཀྱི་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། རང་ལྗོངས་ཀྱི་རྩོམ་རིག་གསར་རྩོམ་གྱི་གནས་བབས་ཀྱང་མཚོན་གྱི་ཡོད། འདིས་བོད་ཀྱི་རྩོམ་པ་པོ་དེ་བས་མང་བ་རྩོམ་རིག་གསར་རྩོམ་དཔུང་ཁག་ནང་ཞུགས་ནས་སྟོབས་ཤུགས་གསོག་འཇོག་བྱས་ཏེ། རང་རྒྱལ་གྱི་མི་རིགས་རྩོམ་རིག་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་ཆེད་བོད་ལྗོངས་ཀྱི་རྩོམ་པ་པོའི་ལེགས་སྐྱེས་འབུལ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186034.html 1 བོད་ལྗོངས་ཀྱི་རྩོམ་པ་པོ་གཉིས་ལ་ རྟ་མཆོག་བྱ་དགའ་ཐོབ་པ། /enpproperty-->