分享按钮

ལྗོངས་ཡོངས་ཀྱི་ལྷ་མོའི(དུམ་བུ)འགྲན་བསྡུར་ཆེན་མོ་དང་འགྲེམས་འཁྲབ་བྱེད་སྒོ་འགོ་ཚུགས་པ།

པར་འདི་ནི་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ལོ་ཆུང་བྱིས་པའི་ལྷ་མོ་རུ་ཁག་གིས《འགྲོ་བ་བཟང་མོའི》ཆུ་ལེན་པའི་དུམ་བུ་འཁྲབ་སྟོན་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་3ཉིན། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ཚན་པས་གཉེར་འགན་ཁུར་བའི་ལྗོངས་ཡོངས་ཀྱི་ལྷ་མོའི(དུམ་བུ)འགྲན་བསྡུར་ཆེན་མོ་དང་འགྲེམས་འཁྲབ་བྱེད་སྒོ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་འགོ་ཚུགས་པ་རེད།

ལྷ་མོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་ཁང་གིས་ཆོག་མཆན་སྤྲད་པའི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དོན་འཁྱོལ་གཏིང་ཟབ་དང་། ཁ་ཕྱོགས་ཡང་དག་སྟངས་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་། སྲོལ་རྒྱུན་གྱི་ལྷ་མོའིའཁྲབ་གཞུང་ཆེན་པོ་བརྒྱད་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་དུས་རབས་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ་བཅས་མཚོན་པའི་ལྷ་མོའི་འཁྲབ་ཚན་གསར་པ་དེ་བས་མང་བ་ཐོན་ནས་རང་ལྗོངས་ཀྱི་ལྷ་མོའི་སྒྱུ་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། ད་ཐེངས་ཀྱི་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར་ཆེན་མོ་དང་འགྲེམས་འཁྲབ་ནི་སྐབས་གཉིས་པའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཁྱོན་ལྷ་མོ་རུ་ཁག་21འགྲན་བསྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་དུས་འགོའི་གདམ་གསེས་བྱས་རྗེས་མཐར་རུ་ཁག་11འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ཡི་འགན་འཁུར་བ་ནུ་མོས་འགྲན་བསྡུར་བྱས་པ་བརྒྱུད་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་གཉིས། བྱ་དགའ་ཨང་གསུམ་པ་གསུམ་བཅས་ཐོན་རྒྱུ་རེད། དེ་རིང་འགྲན་བསྡུར་ནང་ཞུགས་པའི་ནང་དོན་སྤྱིར་ན་ལྷ་མོའི་རིགས་ཆེན་པོ་དྲུག་ལ་ཁྱབ་ཡོད། ཟླ་8ཚེས་4ནས་ཚེས་10ཉིན་བར། ད་དུང་ནོར་བུ་གླིང་ཁར་འགྲེམས་འཁྲབ་བྱས་ནས་མང་ཚོགས་རྣམས་ལྷ་མོར་ལྟ་བའི་དགོས་མཁོ་སྐོང་རྒྱུ་རེད་ཅེས་བཤད།

འགྲན་བསྡུར་བྱ་ཡུལ་དུ་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་རིམ་བཞིན་གར་སྟེགས་ཐོག་ཐོན་ནས་སྲོལ་རྒྱུན་གྱི་ལྷ་མོ《འགྲོ་བ་བཟང་མོ》དང་། 《ཆོས་རྒྱལ་ནོར་བཟང》 《སྣང་ས་འོད་འབུམ》སོགས་འཁྲབ་གཞུང་གི་དུམ་བུ་འཁྲབ་སྟོན་བྱས་ཤིང་། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་ཁག་གི་བདམས་ཐོན་པ་ཚོས་རྩེར་སོན་གྱི་འཁྲབ་རྩལ་དང་། བརྩེ་དུང་ཟབ་པའི་རྣམ་ཐར། ཞིབ་ཆ་ལྡན་པའི་བརྩེ་དུང་བཅས་ཀྱི་ཐོག་ནས་གཏམ་རྒྱུད་རེ་རེ་བཞིན་བརྗོད་པ་དེའི་ནང་དཔའ་བོའི་མི་སྣར་བསྔགས་བརྗོད་བྱས་ཡོད་ལ། མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་ཡང་བཅངས་ཡོད་པས་ལྟད་མོ་བ་རྣམས་འཁྲབ་སྟོན་མི་སྣ་དང་དགའ་སྐྱོ་མཉམ་མྱོང་དང་དུས་མཚུངས་མི་དེ་བས་མང་བ་ཞིག་ལ་ལྷ་མོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱུང་ཡོད། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། མཐར་ཁྲེང་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་བྱ་དགའ་ཨང་དང་པོ་ཐོབ་ཡོད།

རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ལོ་ཆུང་བྱིས་པའི་ལྷ་མོ་རུ་ཁག་གི་རུ་མི་བསྟན་འཛིན་དོན་ལྡན་གྱིས་ངས་སློབ་ཆུང་ལོ་རིམ་གཉིས་པ་ནས་བཟུང་ལྷ་མོའི་འཁྲབ་སྟོན་སློབ་སྦྱོང་བྱས་པ་ཡིན། མིག་སྔའི་བར་ལོ་བཞི་སོང་བ་དང་། ང་ལྷ་མོར་ཧ་ཅང་དགའ་པོ་ཡོད། འདི་ལོ་ཡང་ལྷ་མོའི་དུམ་བུ་འཁྲབ་སྟོན་གྱི་འགྲན་བསྡུར་ཆེན་མོའི་ནང་ཞུགས་ནས་གྲུབ་འབྲས་བཟང་པོ་ཐོབ་བྱུང་། ངས་མུ་མཐུད་འབད་བརྩོན་བྱས་ནས་ང་ཚོའི་སྲོལ་རྒྱུན་རིག་གནས་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་རང་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མཚོན་པ་དང་། བོད་ཀྱི་ལྷ་མོའི་སྒྱུ་རྩལ་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་གཅིག་སྡུད་ཐོག་མངོན་པར་མ་ཟད། མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186010.html 1 ལྗོངས་ཡོངས་ཀྱི་ལྷ་མོའི(དུམ་བུ)འགྲན་བསྡུར་ཆེན་མོ་དང་འགྲེམས་འཁྲབ་བྱེད་སྒོ་འགོ་ཚུགས་པ། /enpproperty-->