ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། དུས་ཡུན་ཉིན་ལྔའི་ལྷ་སའི་ཞོ་སྟོན་གྱི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་དེ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་31ནས་ཡོང་བའི་ཁེ་ལས་246དང་ཕྱི་རྒྱལ་གྱི་ཚོང་པ་600ལྷག་ཙམ་ལྷ་སར་འཛོམས་པས་འགྲེམས་ཚོགས་བྱ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་ཚ་རླབས་མུ་མཐུད་ཆེ་རུ་ཕྱིན་ཡོད། དེས་ན། འགྲེམས་ཚོགས་ཐོག་དཔེ་གསར་དང་། ཞིམ་པ། སྤྲོ་སྣང་དོད་པ། སྤྱོད་བདེ་བ་བཅས་ཀྱི་ནང་འདྲེན་ཚོང་ཟོག་གང་དག་ཡོད་ཅེ་ན། གསར་འགོད་པས་ཁྱེད་རང་ཁྲིད་ནས་འགྲེམས་ཚོགས་སྐོར་བར་འགྲོ།
བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་ཨང་2པར་གནས་པའི་འགྲེམས་ཚོགས་བྱ་ཡུལ་དུ་སྐྱོད་སྐབས་ནེ་པ་ལ་དང་། སེར་ཝུའེ་ཡ། མ་ལེ་ཞི་ཡ། ཐེ་ལན། མོང་གོལ་བཅས་གཙོ་དོན་འགྲེམས་ཁང་5མཐོང་རྒྱུ་ཡོད་པ་དང་། འགྲེམས་ཚོགས་ལ་ལྟ་བར་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་བ་དང་ཡུལ་དངོས་སུ་འཁྲུག་ཆ་དོད་པོ་ཡོད། མ་ལེ་ཞི་ཡའི་གཙོ་དོན་འགྲེམས་སྟོན་ཁང་ནང་སྐུ་མགྲོན་མི་ཉུང་བ་ཞིག་གིས་ཚོང་ཟོག་འདེམས་བཞིན་ཡོད་ཅིང་། ཚང་མས་ཤོག་ཕོར་ཆུང་ཆུང་ནང་བྲོ་ཞིམ་ཀོག་ཧྥེའི་བྲོ་བ་མྱོང་བཞིན་ཡོད་པ་དང་ལས་དོན་པས་སེམས་རྩ་འཁོལ་བའི་ངང་ནས་ཚང་མར་ངོ་སྤྲོད་བྱེད་ཀྱི་ཡོད། མ་ལེ་ཞི་ཡའི་ལན་ཧུང་ཀུང་སིའི་འགན་འཁུར་བ་ཝང་ཙེ་ཡན་གྱིས་གསར་འགོད་པར་མ་ལེ་ཞི་ཡའི་ཀོག་ཧྥེ་དང་། ཁྲོག་ལེ། འོ་ཇ་བཅས་ཚང་མ་བྲིན་ཁ་རྒྱུག་པའི་གྲགས་ཅན་ཐོན་རྫས་ཤ་སྟག་ཡིན་པ་དང་། ཐོན་རྫས་དེ་དག་ཕུད་འདི་ལོ་ང་ཚོས་ད་དུང་མ་ལེ་ཞི་ཡའི་ཏན་ཞིམ་དང་ཡན་ཝོ་འགྲེམས་ཚོགས་ཐོག་ཐེངས་དང་པོར་འཁྱེར་ཡོང་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་ཅེས་དང་། ཝང་ཙེ་ཡན་གྱིས་ད་ཐེངས་ང་ཚོས་ཏན་ཞིམ་སྒམ་500དང་། ཀོག་ཧྥེ་50 ཡན་ཝོ་20 འོ་ཇ་10བཅས་འཁྱེར་ནས་ཕྱིར་ཚོང་བྱས་པ་ཡིན། ཁ་ས་ཏན་ཞིམ་ཆག་པ་200ཙམ་དང་ཀོག་ཧྥེ་30ལྷག་ཙམ་ཕྱིར་ཚོང་བྱས་ནས་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་པས་ང་ཚོའི་སྔོན་དཔག་ལས་རྦད་དེ་བརྒལ་སོང་། སླད་ཕྱིན་འགྲེམས་ཚོགས་འདི་ལྟ་བུའི་ནང་ཞུགས་པའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་8000ཟིན་ཞིང་། འགྲེམས་ཚོགས་ཀྱི་ཐོན་རྫས་ནང་བཟོ་རྩལ་ཐོན་རྫས་དང་། འཛད་རྫས། བཟའ་བཅའ། འཐུང་བཅའ། ཁྱིམ་ཆས། རིག་གནས་གསར་གཏོད་ཐོན་རྫས། གློག་རྡུལ་དང་རྒྱན་གོས་སོགས་རིགས་1000ལྷག་ཙམ་ཚུད་པ་དང་། སིང་ཀ་ཕོར་གྱི་བྲོ་ལྡན་ལག་རྒྱང་རྒྱུ་མ་དང་། སེར་ཝེ་ཡའི་བྱུག་སྨན། ནེ་པ་ལའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས། ཐེ་ལན་གྱི་ལིའུ་ལན་སྐམ་པོ། མོང་གོལ་གྱི་ཁུ་ལུའི་ཐོན་རྫས་སོགས་ཡོད་པས་འཛད་སྤྱོད་པས་གཅིག་འཐུས་རྣམ་པའི་ཐོག་ནས་ནང་འདྲེན་ཚོང་ཟོག་ཉོ་ཐུབ་ཀྱི་ཡོད། གྲོང་མི་ཨོ་རྒྱན་ཚེ་རྒྱལ་གྱིས་ང་འབྲུག་ཡུལ་དང་ནེ་པ་ལའི་ཐོན་རྫས་ལ་ཧ་ཅང་དགའ་པོ་ཡོད། ཆེད་མངགས་ལྟ་བར་ཡོང་བར་མ་ཟད། ཞོར་དུ་ཕྲུ་གུར་སྟེར་བྱེད་ནང་འདྲེན་ཞོར་ཟས་ཁག་གཅིག་ཉོས་པ་ཡིན། ངའི་བསམ་པར་འགྲེམས་ཚོགས་དེ་ཧ་ཅང་སྟབས་བདེ་བས་ང་ཚོས་ཉོ་འདོད་པའི་དངོས་པོ་ཐེངས་གཅིག་ལ་ཉོ་ཐུབ་ཀྱི་འདུག་ཅེས་བཤད།
གསར་འགོད་པས་འགྲེམས་ཚོགས་ཐོག་དམིགས་བསལ་གྱི་འགྲེམས་གནས་ཤིག་མཐོང་བྱུང་བ་སྟེ་འགྲེམས་གནས་ཐོག་ཤིང་ཁང་ཆུང་ཆུང་གཉིས་ཡོད་ཅིང་། གསར་འགོད་པས་དེའི་ཁྲོད་ཀྱི་ཁང་ཆུང་གཅིག་ནང་འཛུལ་ནས་ཉམས་ལེན་བྱས་པ་ཡིན། དེའི་ནང་དམར་ཕྱིའི་འོད་ཀྱི་ཚ་འོད་བཅོས་ཐབས་ལ་བརྟེན་ནས་མཐོང་མི་ཐུབ་པའི་འོད་རླབས་སྤྱད་དེ་ལུས་པོར་དྲོད་བཏང་སྟེ་ལུས་པོའི་ནང་དུ་ཐིམ་ནས་ལུས་པོའི་རྔུལ་ཆུ་དང་དུག་ཤེད་ཕྱིར་ཕུད་པར་སྐུལ་འདེད་བཏང་བ་དང་བརྒྱུད་ལུས་པོ་ཡོངས་ཀྱི་ཤ་གནད་ལྷོད་དུ་འགྲོ་བ་དང་ངལ་དུབ་ཀྱི་ཚོར་སྣང་ཡང་སེལ་ཐུབ། འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པ་ཨན་ཉིས་གསར་འགོད་པར་ངོ་སྤྲོད་བྱས་དོན། དོན་དངོས་ཐོག་ཁང་ཆུང་འདི་གཉིས་ནི་དམར་ཕྱིའི་འོད་ཀྱི་རླངས་འཁྲུད་བྱེད་པ་དང་བདེ་ཐང་གི་བར་མཐོངས་ཡིན་པ་དེ་དམར་ཕྱིའི་འོད་ཀྱི་རླངས་འཁྲུད་ཁང་ཆུང་གྲས་ཤིག་དང་མཚུངས། དམར་ཕྱིའི་འོད་ཀྱི་རླངས་འཁྲུད་ཁང་མི་འདྲ་བ་ཡོད་པས་མི་1ནས་5བར་ཤོང་ཐུབ་པ་དང་བརླན་སེལ་དང་དུག་སེལ་ཐུབ་པས་གནོན་ཤུགས་དང་ངལ་དུབ་སེལ་ཐུབ། དེར་འགྲེམས་ཚོགས་ཐོག་གི་གྲོང་མི་དང་ཡུལ་སྐོར་བ་མང་པོས་ཉམས་ལེན་དང་བློ་འདྲི་སོགས་བྱེད་ཀྱི་ཡོད་པ་རེད།
ད་ཐེངས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་ཐོག་ད་དུང་ལྷ་སའི་དངོས་པོ་ལེགས་པོའི་ཆེད་དོན་འགྲེམས་ཁུལ་ཡོད་ཅིང་། འགྲེམས་ཁུལ་ནང་ཞོ་དང་ཤ་སྐམ་གསེང་སོགས་ཐོན་རྫས་ཡོད་པས་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད། གཞན་ཡང་གལ་སྲིད་ཁྱེད་རང་ཁྲོམ་བསྐོར་ནས་ཐང་ཆད་ཚེ་འགྲེམས་ཁང་གི་ཡུལ་དངོས་སུ་བཏུང་བཅའ་དང་སྟབས་ཟས་སོགས་ཕྱིར་ཚོང་བྱེད་ཀྱི་ཡོད་པས་འགྲེམས་ཚོགས་གཟིགས་འདོད་ཡོད་པའི་གྲོང་མི་དང་ཡུལ་སྐོར་བ་ཚོས་ཟླ་8ཚེས་8ཉིན་གྱི་གོང་དུ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་2པར་བསྐྱོད་ནས་ཉམས་ལེན་བྱེད་ཆོག་གི་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社