ཤིན་ཧྭ་གསར་འགྱུར་ཁང་སི་ཁྲོན་དར་རྩེ་མདོ་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་གྲོང་ཁྱེར་ལ་ཟླ་8ཚེས་30ཉིན་གློ་བུར་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་4ཉིན་གྱི་ཆུ་ཚོད་14དང་སྐར་མ་30བར་གནོད་འཚེ་ཐོན་པའི་རྐྱེན་གྱིས་ཀུའུ་ཙི་གྲོང་རྡལ་རི་ཏི་གྲོང་ཚོའི་མི་6རྐྱེན་ལམ་དུ་ཤོར་བ་དང་མི་11དང་འབྲེལ་བ་ཆད་པ་དང་། གཡག་རྔ་ནས་དར་རྩེ་མདོའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་བར་གྱི་ཟམ་པ་བརྡིབས་ནས་རླངས་འཁོར་4དང་ཁྱོན་མི་11ཟམ་པའི་འོག་ཏུ་ལྷུང་ཡོད་ཅིང་།དེའི་ཁྲོད་ཀྱི་མི་1བསྐྱབས་ཐུབ་ནས་སྨན་ཁང་དུ་བསྐྱལ་བ་དང་། མི་2རྐྱེན་ལམ་དུ་ཤོར་བ། མི་8དང་འབྲེལ་བ་ཆད་ཡོད་པ་རེད། ནུས་ཤུགས་ཡོད་རྒུས་ལམ་མྱུར་བཟོ་བྱས་པ་བརྒྱུད། གནོད་འཚེ་ཕོག་པའི་རྨང་གཞིའི་ས་ཚིགས་7གྱི་ལམ་ཚང་མ་མྱུར་བཟོ་བྱས་ནས་ཤར་གཏོང་ཐུབ་པ་དང་། གནོད་འཚེ་ཕོག་པའི་འོད་སྐུད་སྤྱི་ལེ་15.4མྱུར་བཟོ་བྱས་པས་གནོད་འཚེ་ཕོག་པའི་ས་ཁོངས་ཀྱི་འཕྲིན་གཏོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གར་ཁྱོན་མི་1554དང་། རླངས་འཁོར་དང་ལས་གྲྭའི་སྒྲིག་ཆས་ཆ་ཚང་311 འཕྲིན་གཏོང་སྒྲིག་ཆས་ཆ་ཚང་68 རོགས་སྐྱོབ་ཡོ་བྱད་1500ལྷག་ཙམ། འཚོལ་སྐྱོབ་ཁྱི་8 ཐད་འཕུར་གནམ་གྲུ་ཡང་གྲས་1 མི་མེད་གནམ་གྲུ་ཆེ་གྲས་1བཅས་བཏང་ནས་མི་སྣ་འཚོལ་སྐྱོབ་དང་། སྨན་བཅོས་རོགས་སྐྱོབ། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་འགན་ལེན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཡོད་པ་རེད།
ས་གནས་དེ་གས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་སོཊ་ཀྱི་བྱ་ཐབས་བརྒྱུད།མི་939གོ་རིམ་ལྡན་པའི་ངང་གནས་སྤོས་བཀོད་སྒྲིག་བྱས་པ་དང་།ལང་ཀུའུ་གྲོང་ཚོ་དང་། ཤ་ཝ་སི་ལིས་གཏེར་ཁ། སྡེ་ཁུལ་གཉིས་པ། གྲོང་ཁྱེར་སློབ་འབྲིང་དང་པོ་བཅས་བཀོད་སྒྲིག་བྱ་ཡུལ་4ལ་ཆུ་དང་།གློག ཉལ་ཁང་། བཟའ་བཅའ་སོགས་ཀྱི་ཞབས་ཞུ་ཚང་མ་ཐག་གཅོད་འོས་འཚམ་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག་ས་གནས་དེ་གར་དར་རྩེ་མདོ་གྲོང་ཁྱེར་གྱི་ཚན་ཁག་བཞིའི་ཁོངས་མིས་གཅིག་གཏད་གཅིག་གི་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་གཏོང་བའི་ལས་ཀའི་ལམ་སྲོལ་བཙུགས་པ་དང་།རྐྱེན་ལམ་དུ་ཤོར་བའི་མིའི་སྐུ་ཕུང་ཐག་གཅོད་དང་། ནང་མིར་སྣེ་ལེན། སེམས་གསོ་གཏོང་བའི་ཇུས་གཞི་བཅས་ཧུར་ཐག་བཟོས་ཏེ་ངང་རྒྱུད་རིང་པོས་ནང་མིའི་བསམ་འཆར་དང་རེ་འདུན་གང་ཡིན་པར་ཉན་ཡོད།
གཞན་ཡང་།འགྲོ་ལམ་མཚམས་ཆད་ནས་ལུས་པའི་ཡུལ་སྐོར་བ་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་དམིགས་ཏེ།ས་གནས་དེ་གས་110དང་12345ཡི་སྲིད་དོན་ཞབས་ཞུའི་སྟེགས་བུ་སོགས་བརྒྱུད།འབྲེལ་ཡོད་རེ་ཞུ་དུས་ཐོག་ཏུ་བསྡུ་རུབ་དང་ཐག་གཅོད་བྱས་ཡོད། མིག་སྔར། རང་སྐྱོང་ཁུལ་ཡོངས་སུ་ཞབས་ཞུའི་ས་ཚིགས་202བཙུགས་ཡོད་ཅིང་། རིག་གནས་ཡུལ་སྐོར་གྱི་དང་བླངས་པ་མི་ཐེངས་1602བཏང་ནས་ཡུལ་སྐོར་བ་མི་ཐེངས་6456ལ་ཞབས་ཞུ་བསྒྲུབས་པ་དང་། དར་རྩེ་མདོ་གྲོང་ཁྱེར་དང་ལྕགས་ཟམ་ཁ་རྫོང་དུ་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཞབས་ཞུ་ས་ཚིགས་8བཙུགས་པར་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ནས་གནས་སྐབས་ཀྱི་ཞབས་ཞུའི་ས་ཚིགས་ཀྱང་འཛུགས་བཞིན་ཡོད་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社