ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སུའུ་ལིན་ལ་གློག་འཕྲིན་བཏང་གནང་ནས། ཁོང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་ཡོད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཁྱེད་རང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་ཤེས་རྟོགས་བྱུང་བས། ང་རང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
ཉེ་བའི་ལོ་ཤས་རིང་། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་གསུམ་པའི་གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་དང་གསར་བཅོས་སྒོ་དབྱེའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཝེ་ཐེ་ནམ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཐུབ་རྒྱུ་དང་། ཚོགས་ཆེན་བཅུ་བཞི་པའི་གྲ་སྒྲིག་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཐོག ཏང་འཛུགས་རྒྱལ་འཛུགས་ཀྱི“ལོ་བརྒྱ་གཉིས”ཀྱི་དམིགས་འབེན་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད།
ཀྲུང་གོ་དང་ཝེ་ཐེ་ནམ་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ན་ནིང་ཟླ་12པར། ང་རང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་ཞུས་པ་དང་། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྒྱང་སྐྱོད་ལམ་བུ་གསར་པ་དང་ལེའུ་གསར་པ་བཏོད་ཡོད། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་སུའུ་ལིན་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་སྔར་བས་དངོས་གཉེར་དངོས་སྒྲུབ་ཐུབ་རྒྱུར་སྣེ་ཁྲིད་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་ཐུན་མོང་ཐོག་དར་སྤེལ་གཏོང་བ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་འབྲེལ་གཏུགས་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུ་དང་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ཁྱེད་རང་ལ་བླ་ན་མེད་པའི་ལས་གནས་ཐོག་གྲུབ་འབྲས་གསར་པ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། (ཉི་མ་ཆོས་སྒྲོན་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社