ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དུས་ཆེན་རིང་ཁྲོམ་རའི་སྒྲིག་ལམ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བར་འགན་ལེན་དང་།རྒྱ་ཆེའི་མང་ཚོགས་ལ་བག་ཕེབས་དང་། བདེ་འཇགས། ཞི་མཐུན་བཅས་དུས་ཆེན་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར།ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞོ་སྟོན་གོང་གི་བཟའ་བཅའི་བདེ་འཇགས་དང་། སྨན་རྫས་ཀྱི་སྤུས་ཚད། དམིགས་བསལ་སྒྲིག་ཆས་བཅས་ཀྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཟླ་8ཚེས་1ཉིན།ཁྲིམས་འཛིན་པ་སྔ་རྗེས་སུ་སྒོ་རྩིས་ཚོང་ཁང་དང་སྨན་རྫས་ཚོང་ཁང་སོགས་སུ་བསྐྱོད་དེ་ལྷ་སའི་མཐོ་གསར་ཁུལ་གྱི་གཉེར་སྐྱོང་བྱེད་པོ་ཁག་གཅིག་གི་འབྲེལ་ཡོད་ཐོབ་ཐང་དང་། རིན་གོང་གསལ་བཀོད། བཟའ་བཅའི་སྤུས་ཚད་ཀྱི་འགན་ལེན་དུས་ཚོད། སྨན་རྫས་བེད་སྤྱོད་ཀྱི་དུས་བཀག དམིགས་བསལ་སྒྲིག་ཆས་ཀྱི་འབྲེལ་ཡོད་ལག་ཁྱེར། གློག་ཆས་ཀྱི་3Cམཚོན་རྟགས་བཅས་དང་དེ་བཞིན་ཚོང་ཟོག་ནང་འདྲེན་གྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱས་ཚུལ་སོགས་ལ་ཞིབ་བཤེར་བྱས་པ་དང་།གཉེར་སྐྱོང་བྱེད་པོས་ཐོན་རྫས་གསུམ་དང་དམིགས་བསལ་གཅིག་གི་བདེ་འཇགས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱས་ཡོད།
པའེ་དབྱི་སྒོ་རྩིས་ཚོང་ཁང་གི་ཧའེ་ལེང་ཚོང་ཁང་དུ་ཁྲིམས་འཛིན་པས་བཟའ་བཅའ་ཐོན་སྐྱེད་ཀྱི་དུས་ཚོད་དང་། སྤུས་ཚད་འགན་ལེན་གྱི་དུས་ཚོད། བཟའ་བཅའི་མཚོན་རྟགས་སོགས་ཐད་ཀྱི་ནང་དོན་ལ་ཞིབ་ཕྲ་བལྟས་པ་དང་།ཚོང་ཁང་གི་འགན་འཁུར་བ་དང་གླེང་མོལ་ཞིབ་ཕྲ་བྱས་ཏེ་ཚོང་ཁང་གི་འགན་འཁུར་བས་སྤ་སེ་དང་།ལག་ཁྱེར། ཉོ་ཚོང་གི་རྩིས་ཐོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ནས་བཟའ་བཅའི་བདེ་འཇགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། བཟའ་བཅའི་དུས་ཚོད་ཡོལ་བ་དང་ངོ་བོ་འགྱུར་བ། དེ་བཞིན་མེད་པ་གསུམ་བཅས་ཀྱི་བཟའ་བཅའ་ཁྲོམ་རར་ཕྱིར་ཚོང་བྱེད་མི་ཆོག་པའི་སྐུལ་མ་བཏང་བ་རེད།
དབྱི་སྒོ་རྩིས་ཚོང་ཁང་ཧའེ་ལེང་ཚོང་ཁང་གི་འགན་འཁུར་བ་མཁས་གྲུབ་ཀྱིས་དེ་རིང་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་པས་ང་ཚོའི་ཚོང་ཁང་ལ་ཞིབ་བཤེར་བྱེད་པར་ཡོང་ནས་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་བྱུང་། ཕྱིས་འབྱུང་།ང་ཚོས་བསམ་འཆར་དང་གྲོས་འགོ་བཏོན་པ་གཞིར་བཟུང་།བཅོས་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་ཞིབ་བཤེར་བྱེད་པའི་ཁྲོད་བཟའ་བཅའི་བདེ་འཇགས་དང་། སྨན་རྫས་ཀྱི་སྤུས་ཚད། དམིགས་བསལ་སྒྲིག་ཆས་སོགས་བདེ་འཇགས་ཐད་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད། ཞིབ་བཤེར་བྱེད་རིང་།ཁྲིམས་འཛིན་པས་དམིགས་བསལ་སྒྲིག་ཆས་བེད་སྤྱོད་བྱེད་མཁན་གྱི་ཚན་པ་དང་ཚོང་ཁང་ཆེ་གྲས་སོགས་ཁྲོམ་རའི་བྱེད་པོ་32ལ་ཞིབ་བཤེར་བྱས་པས་གནད་དོན་12ཤེས་རྟོགས་བྱུང་བར་མ་ཟད། ཡུལ་དངོས་སུ་གཉེར་སྐྱོང་བྱེད་པོར་བཅོས་སྒྲིག་ལེགས་པོ་བྱ་རྒྱུའི་མཛུབ་ཁྲིད་ཀྱང་བྱས་ནས་མང་ཚོགས་རྣམས་ཞི་མཐུན་དང་ལྷིང་འཇགས་ཀྱི་ཞོ་སྟོན་སྐྱིད་པོ་ཞིག་གཏོང་རྒྱུར་འགན་ལེན་བྱས་ཡོད་པ་རེད།
ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་བློ་བཟང་སྒྲོལ་མས་ཕྱིས་འབྱུང་།ང་ཚོས་དུས་ཆེན་རིང་གི་ཁྲོམ་རའི་གཉེར་སྐྱོང་བྱ་སྤྱོད་མུ་མཐུད་ཚད་ལྡན་དུ་གཏོང་བ་དང་།ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ། ནུས་ཤུགས་ཡོད་རྒུས་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱས་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམས་སྤྲོ་སྣང་དོད་པ་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社