分享按钮

ཆད་གསབ་སྐྱོན་སེལ་གྱིས་གྲོང་ཁྱེར་གྱི་ཞབས་ཞུའི་ནུས་པ་ལེགས་སུ་བཏང་བ།

(པར་ངོས་དང་པོར་མཐུད)འདམ་ར་ལམ་དང་། བདེ་སྐྱིད་ལམ། བྲག་རི་ཁུག་ལམ། ཉི་འོད་གླིང་ཕྲན་གྱི་ལམ་དང་པོ། ནོར་བུ་གླིང་གའི་ལྷོ་ལམ། གླིང་སྐོར་བྱང་ལམ། རྡོ་སེང་གེ་ལམ། རྒྱ་མཚོ་ལམ། རྔ་ཆེན་ལམ་བཅས་ཀྱི་བཙོག་ཆུ་ཕྱིར་འབུད་སྦུ་གུར་གཙང་སེལ་བྱས་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ་2.38ཟིན་པ་དང་མིག་སྔར་ལས་གཞི་ཧྲིལ་པོ་ལེགས་གྲུབ་ཟིན་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་སྤེལ་བ་ནས་བཟུང་། གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཆེད་དོན་དཔུང་ཁག་གིས་ཐོག་མཐའ་བར་གསུམ་དུ“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱ་དགོས་པའི”འདུ་ཤེས་ཟབ་ཏུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་བྱས་ཤིང་། གྲོང་ཁྱེར་གྱི་སྒྲིག་བཀོད་ཆད་གསབ་སྐྱོན་སེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁུལ་དེ་བས་སྡོད་གནས་དང་འཚམ་རྒྱུ་དང་། དེ་བས་བདེ་འཇགས་ལྡན་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཡོད།

རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པར་ཆར་ཆེན་བབས་རྗེས་སྲང་ལམ་དུ་འདམ་རྫབ་ཁེངས་པར་མ་ཟད། ད་དུང་ཆུ་འབོར་ཆེན་འཁྱིལ་ནས་མི་རྣམས་རྐང་པ་སྤོ་དཀའ་བའི་གནས་སུ་གྱར་ཡོད། ཚོགས་ཆུང་གི་འགོ་ཁྲིད་སྤེན་པ་ཚེ་རིང་གིས་གསར་འགོད་པར། རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པ་དེ་ལོ་རབས་80པར་བསྐྲུན་ནས་ད་བར་དུས་ཡུན་རིང་པོ་སོང་བས། རྨང་གཞིའི་སྒྲིག་བཀོད་ཀྱིས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ད་ལོའི་ཟླ་དྲུག་པར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་བསྟར་བྱས་པས། མ་འོངས་པར་ཕྱི་རོལ་དུ་འགྲོ་སྐབས་ས་རྡུལ་དང་འདམ་བག་གི་དཀའ་ངལ་འཕྲད་མི་སྲིད་ཅེས་བཤད།

སྤེན་པ་ཚེ་རིང་གིས། ད་རེས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་ལེན་དུ་བསྟར་འགོ་ཚུགས་པ་དེ་ནི། མི་དམངས་ཚོས་ཡུན་རིང་རེ་སྒུག་བྱེད་པའི་རྣམ་གྲངས་ཤིག་ཡིན། འབྱུང་འགྱུར་འགྲོ་ལམ་དང་མི་དམངས་ཀྱི་འཚོ་བ་གང་ཡིན་རུང་དེ་བས་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ང་ཚོར་ཡོད་ཅེས་བཤད།

མི་རྣམས་ལ་དེ་བས་བདེ་འཇགས་དང་སྟབས་བདེ་བའི་ཕྱིར་སྐྱོད་ཀྱི་ཁོར་ཡུག་ཅིག་གཏོད་ཆེད། ད་ལོའི་ཟླ་6ཚེས་28ཉིན་རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་རྣམ་གྲངས་ཚོགས་ཆུང་དངོས་སུ་གནས་དེར་བཅའ་སྡོད་བྱེད་འགོ་བརྩམས་ཤིང་། རྣམ་གྲངས་སྒྱུར་བཀོད་ཀྱི་ཁྲོད་དུ་ད་ཡོད་ཀྱི་འགྲོ་ལམ་ཉམས་བཟོ་དང་སྒྱུར་བཀོད། འགྲོ་ལམ་གྱི་བཀོད་སྒྲིག་ལེགས་སྒྱུར། འགྲོ་ལམ་སྤུས་ཚད་མཐོ་གཏོང་། ཆུ་འབུད་སྦུག་དྲ་ལེགས་གཏོང་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། ད་དུང་རླངས་འཁོར་འཇོག་ས་གཅིག་དང་གསང་སྤྱོད་གཉིས་གསར་དུ་བསྐྲུན་རྒྱུ་ཡིན་པས། རྣམ་གྲངས་ལས་མཇུག་འགྲིལ་རྗེས་རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་རྣམ་པ་གསར་རྐྱང་དུ་གྱུར་ནས་སྐྱེ་སྟོབས་གསར་པ་འཕེལ་རྒྱུ་རེད།

རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་འགན་འཁུར་བ་ཤའོ་ཀྲེན་མིང་གིས། ད་ལྟར་སྦུ་གུ་དང་འབྲེལ་བའི་ཨར་ལས་སྤྱིའི་བརྒྱ་ཆ་20ཙམ་ལེགས་གྲུབ་ཚར་ཡོད། མིག་སྔའི་དཀའ་གནད་གཙོ་བོ་ནི་སྲང་ལམ་དོག་དྲགས་ནས་འཕྲུལ་ཆས་འཛུལ་ཐབས་བྲལ་བས་མི་ལ་བརྟེན་ནས་ལས་ཀ་བྱེད་དགོས་ཀྱི་ཡོད། སྔོན་དཔག་བྱས་ན་ལས་གཞི་ཡོངས་རྫོགས་ཟླ་11པར་ལས་མཇུག་འགྲིལ་འཆར་ཡོད། ཉེ་དུས་ལྷ་སར་ཆར་དུས་སླེབས་ཀྱང་ང་ཚོས་མུ་མཐུད་ནུས་ཤུགས་ཡོད་རྒུས་ཨར་ལས་བྱེད་བཞིན་ཡོད་པས་གྲོང་མི་ཚོས་བསམ་ཤེས་བྱེད་རོགས་ཞེས་བཤད།

གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་རྒྱུ་དེ་ནི་གྲོང་ཁྱེར་གྱི་རྣམ་པ་དང་སྤུས་ཚད་ལེགས་སུ་གཏོང་བ་དང་འབྲེལ་བ་ཡོད་པར་མ་ཟད། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་དེ་བས་འབྲེལ་བ་དམ་ཟབ་ཡོད། བཅིངས་འགྲོལ་ནུབ་ལམ་གྱི་དེ་སྔའི་མི་བགྲོད་ལམ་བུ་དེ་བཟོས་ནས་དུས་ཡུན་རིང་པོ་སོང་བའི་དབང་གིས་སོ་ཕག་རྙིང་པ་ཆགས་ནས་ཆག་སྐྱོན་བྱུང་བ་དང་། ལམ་ངོས་སུ་ཆུ་འཁྱིལ་བ་སོགས་ཀྱི་སྣང་ཚུལ་མང་པོ་ཐོན་ཡོད་པས། དེང་སྐབས་བཟོ་པ་ཚོས་དེ་གར་སོ་ཕག་འདིང་བཞིན་ཡོད།

མི་བགྲོད་ལམ་བུའི་བསྒྱུར་བཀོད་རྣམ་གྲངས་ཀྱི་ཅིང་ལི་བསྟན་འཛིན་འཇིགས་མེད་ཀྱིས། ད་ལོའི་ཟླ་7པར་ང་ཚོས་ཨར་ལས་བྱེད་འགོ་བརྩམས་པ་ཡིན། དེ་སྔའི་ས་ཕག་ཚང་མ་ཆུ་སིམ་ཐུབ་པའི་སོ་ཕག་ཏུ་སྒྱུར་བཞིན་ཡོད། དེས་མཛེས་ཆོས་ལ་ཕན་པར་མ་ཟད། འགྲོ་སྐྱོད་སྔར་བས་བདེ་བ་ཡོང་ངེས་རེད། ལས་གྲྭ་སྔོན་དཔག་བྱས་ན་ཟླ་8ཚེས་12ཉིན་ལས་མཇུག་འགྲིལ་འཆར་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་དུས་བཀག་ལྟར་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

བཅིངས་འགྲོལ་ནུབ་ལམ་ཕུད། བཅིངས་འགྲོལ་ལམ་དང་། པེ་ཅིང་ལམ། ཅང་སུའུ་ལམ་སོགས་ལམ་12དུའང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་རྣམ་གྲངས་སྤེལ་བཞིན་ཡོད་ཅིང་། གཙོ་བོ་ལམ་4ཡི་ཆུ་འབུད་དང་སྣུམ་ནག་ལམ་ངོས་གསར་པ་བསྐྲུན་རྒྱུ་དང་། ལམ་11གི་མི་བགྲོད་ལམ་ལ་ཆུ་སིམ་ཐུབ་པའི་སོ་ཕག་འདིང་རྒྱུ་རེད། མིག་སྔའི་བར་པེ་ཅིང་ལམ་གྱི་བརྒྱ་ཆ་50ལེགས་གྲུབ་ཟིན་པ་དང་། གླིང་སྐོར་ནུབ་ལམ་གྱི་བརྒྱ་ཆ་15ལེགས་གྲུབ་ཟིན་པ། ཅང་སུའུ་ལམ་གྱི་བརྒྱ་ཆ་80ལེགས་གྲུབ་ཟིན་ཡོད།

རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་རྣམ་གྲངས་ཚ་ཚ་འུར་འུར་ངང་འཛུཊ་སྐྲུན་བྱེད་ཞོར། “བར་དཔྱངས་གློག་སྐུད”བཅོས་སྐྱོང་དང་སྤྱི་སྤྱོད་གློག་སྒུལ་སྦག་སྦག་དོ་དམ་སོགས་དུས་འགོའི་བཅོས་སྒྲིག་ཀྱང་ལྷོད་གཡེང་དུ་བཏང་མེད། ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་ཁག་དང་ལམ་མདོ་ཁག སྲང་ལམ་ཁག་གི“སྡོམ་དྲ་ལྟ་བུའི་གློག་སྐུད”སོགས་བཅོས་སྒྲིག་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཆེད་དོན་དཔུང་ཁག་གིས་ལན་ཐུང་དང་། སྒུལ་འཕྲིན། གློག་འཕྲིན་བཅས་གཉེར་སྐྱོང་ཚོང་པ་གསུམ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་གྱི་སྒྲིག་བཀོད་བཅོས་སྒྲིག་ལས་དོན་ལ་ཁྱོན་ཡོངས་ནས་ཞུགས་ཡོད། མིག་སྔར་གཉེར་སྐྱོང་ཚོང་པ་གསུམ་པོས“ཤར་ལན་ཐུང་དང་། དབུས་གློག་འཕྲིན། ནུབ་སྒུལ་འཕྲིན”ཞེས་ས་ཁོངས་དབྱེ་བ་ཕྱེ་ནས་མཉམ་ལས་ལམ་སྲོལ་བཙུགས་པས་གྲོང་ཁྱེར་གྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། མ་ཟད་སྤྱི་སྤྱོད་གློག་སྒུལ་སྦག་སྦག་འཇོག་སར་ཡང་དོ་དམ་པ་ཚོས་གློག་སྒུལ་སྦག་སྦག་འཇོག་ས་ཚད་ལྡན་དུ་གཏོང་བའི་རྣམ་པ་རྟག་ཏུ་མཐོང་ཐུབ།

གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཞུའེ་ཧྥུང་གིས། གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཆེད་དོན་དཔུང་ཁག་གིས་ལས་འགན་གཙོ་བོར་དམིགས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་དོད་དུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་གྱིན་ཡོད། གྲོང་ཨུད་ཀྱིས་བསྟན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་མོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་གྱི་འཕེལ་རྒྱས་ཆེན་པོ་བཅས་བྱ་སྤྱོད་ཆེན་པོ་གསུམ་དང་མཉམ་དུ་སྒྲིག་བཀོད་ལེགས་གཏོང་ལ་སྐུལ་འདེད་བཏང་སྟེ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། དཀའ་གནད་ལས་སྒྲོལ་བ། རྒྱུན་མཐུད་ནུས་པ་འདོན་པ། གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ཚན་པ་ཁག་སྒྲིག་འཛུགས་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་ཞུགས་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་བཅས་བྱེད་བཞིན་ཡོད་པས། མིག་སྔར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཅེས་བཤད།

ཝང་ཞུའེ་ཧྥུང་གིས། སླད་མར། གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཆེད་དོན་དཔུང་ཁག་གིས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འགོ་ཁྲིད་ཚོགས་ཆུང་བཅས་ཀྱི་བླང་བྱ་གཞིར་བཟུང་། རིགས་ཆེན་པོ་10ཡི་བཅོས་སྒྲིག་ལས་འགན་ཁག་36དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་གྲོང་ཁྱེར་གྱི་སྒྲིག་བཀོད་ཆད་གསབ་སྐྱོན་སེལ་བྱས་ཏེ། གྲོང་ཁྱེར་གྱི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུའི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ད་ལོའི་ལོ་མཇུག་ཏུ་སླེབས་སྐབས། གྲོང་ཁྱེར་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་བཏང་ཚར་བར་བྱ་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185717.html 1 ཆད་གསབ་སྐྱོན་སེལ་གྱིས་གྲོང་ཁྱེར་གྱི་ཞབས་ཞུའི་ནུས་པ་ལེགས་སུ་བཏང་བ། /enpproperty-->