ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྒོ་དབྱེ་དང་། རང་ཡིད་རང་ཆེས། ཁོང་ཡངས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་གྲོང་ཁྱེར་གྱི་རིག་གནས་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཙོ་གཉེར་བྱས་པ་དང་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་དོན་གཅོད་ཁང་སོགས་ཀྱིས་གཉེར་འགན་འཁུར་བའི་བོད་ལྗོངས་གསར་པ་དང་འཚོ་བ་གསར་པའི་ནང་དོན་མཚོན་པའི་ཚོན་ལྡན་ལྡེབས་རིས་འགྲན་བསྡུར་ཆེན་མོ་དང་ལྷ་སའི་གླག་རྒོད་X99རང་སྣང་རི་མོའི་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ལྷ་ཀླུའི་མཁའ་ཁྲོམ་དུ་འགོ་ཚུཊ་པ་རེད།
འགྲན་བསྡུར་ནང་པེ་ཅིང་དང་།ཐེན་ཅིན། ཁྲེང་ཏུའུ་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་20ནས་ཡོང་བའི་རང་སྣང་རི་མོ་འབྲི་རྒྱུར་དགའ་པོ་བྱེད་མཁན་མི་25ཞུགས་རྒྱུའི་ཡིད་དབང་བཀུག་པར་མ་ཟད། ད་དུང་ཆེད་ལས་དཔྱད་འདེམས་པ་3གདན་དྲངས་ནས་ཚོན་མདངས་དང་། བརྩམས་ཆོས་ཀྱི་ཆ་ཚང་ཚད།རི་མོའི་གྲུབ་ཚུལ། གཙོ་དོན་རང་བཞིན་སོགས་ཀྱི་ཐད་ནས་བརྩམས་ཆོས་ལ་ཞིབ་དཔྱད་བྱས་པ་རེད། ད་ཐེངས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་ཉིན་གསུམ་གྱི་ནང་གསར་གཏོད་འདོན་སྤེལ་དང་གཙོ་དོན་ལ་དམིགས་ནས་གསར་རྩོམ་བྱ་རྒྱུ་དང་། བྱ་ཐབས་མི་འདྲ་བ་དང་། ཟུར་ཚད་མི་འདྲ་བ། མཐོང་ཚོར་གྱི་ནུས་པ་ཆེན་པོ་ལྡན་པའི་བརྩམས་ཆོས་བཅས་སྤྱད་དེ་བོད་ལྗོངས་གསར་པ་དང་འཚོ་བ་གསར་པར་ངོས་འཛིན་དང་གོ་བ་ལེན་ཚུལ་མཚོན་པར་བྱ་རྒྱུ་ཡིན་ཞིང་། མཐར་ལྷ་ཀླུའི་མཁའ་ཁྲོམ་གྱི་རང་སྣང་རི་མོའི་རིག་གནས་ཁྲོམ་གཞུང་གི་རིང་ཚད་ལ་སྨི་400ཡོད་པའི་རང་སྣང་རི་མོའི་གྱང་ངོས་སུ་འགྲན་བསྡུར་ནང་ཞུགས་མཁན་གྱི་བརྩམས་ཆོས་40དང་དེ་བཞིན་གྱང་ངོས་3གྱི་ཐོག་ཏུ་འདོད་བྲིས་བརྩམས་ཆོས་ཆེན་པོ་3ལེགས་གྲུབ་བྱ་རྒྱུ་རེད། འགྲན་བསྡུར་ནང་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་རེ་གདམ་རྒྱུ་དང་འབྲེལ་ལག་ཁྱེར་དང་བྱ་དགའི་བུམ་པ་སྤྲོད་རྒྱུ་རེད། རང་སྣང་རི་མོ་འབྲི་རྒྱུར་དགའ་པོ་བྱེད་མཁན་ཡུས་དབྱིན་ཧྥུང་གིས་ང་ནི་ཧྥུའུ་ཅན་ནས་ཡོང་ཞིང་། རང་སྣང་རི་མོ་འབྲི་རྒྱུར་དགའ་པོ་ཡོད། རང་སྣང་རི་མོའི་ལས་རིགས་གཉེར་ནས་ལོ་17འགྲོ་བཞིནཡོད་ཅིང་། ད་རེས་ང་རང་བོད་དུ་ཡོང་ཐེངས་དང་པོ་ཡིན། འདི་གའི་ཡུལ་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ལ་ང་རང་ཧང་སངས་སོང་། ངས་མཐོང་ཐོས་མྱོང་གསུམ་གྱི་ནང་དོན་བརྩམས་ཆོས་གསར་རྩོམ་ནང་སྤྱད་དེ་ལྷ་སའི་གྲོང་མི་དང་ཡུལ་སྐོར་བར་ཐུན་མོང་མ་ཡིན་པའི་རང་སྣང་རི་མོའི་བརྩམས་ཆོས་ཤིག་སྟོན་རྒྱུ་ཡིན་ཞེས་བཤད།
ཁྲོམ་གཞུང་གི་མགོ་ནས་མཇུག་བར་དང་ངོས་ནས་བར་སྟོང་བར་སྐབས་འདིའི་རང་སྣང་རི་མོའི་འགྲན་བསྡུར་ཆེན་མོའི་གྲགས་ཅན་མི་སྣ་མང་པོ་འཛོམས་ནས་གཞི་རྒྱུ་སྣ་ཚོགས་བསྲེས་ཏེ་རྒྱལ་ཡོངས་ས་གནས་ཁག་གི་རང་སྣང་རི་མོ་འབྲི་རྒྱུར་དགའ་པོ་བྱེད་མཁན་ཚོར་སྤེལ་རེས་དང་མཉམ་འགུལ་གྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ནས་མི་དེ་བས་མང་བས་རང་སྣང་རི་མོའི་རིག་གནས་མཐོང་ཐུབ་པ་དང་སྒྱུ་རྩལ་གྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཐུན་མོང་ཐོག་ཉམས་སུ་མྱོང་ཐུབ་པར་བྱས་ཐོག་རང་སྣང་རི་མོའི་སྒྱུ་རྩལ་འདི་ཉིད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།འགྲན་བསྡུར་གཉེར་བ་བརྒྱུད་ལྷ་ཀླུའི་མཁའ་ཁྲོམ་གྱི་རང་སྣང་རི་མོའི་རིག་གནས་ཁྲོམ་གཞུང་དེ་གསོན་ཤུགས་དང་། གསར་གཏོད་རང་བཞིན། འཕེལ་ཕྱོགས་བཅས་ལྡན་པའི་ཁྲོམ་གཞུང་ཞིག་ཏུ་བཏོད་དེ་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་རྣམ་པ་གསར་པ་མངོན་པ་དང་བོད་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་རེ་སྙེགས་བརྒྱུད་སྤྲོད་ཐུབ་པར་བྱས་ཡོད། ཀོང་ཏུང་ནས་ཡིན་པའི་རང་སྣང་རི་མོ་འབྲི་རྒྱུར་དགའ་པོ་བྱེད་མཁན་ཡོན་རུའེ་ཧྥུང་གིས་ན་ནིང་ང་རང་ལྷ་སར་ཡོང་ནས་ལྷ་ཀླུའི་མཁའ་ཁྲོམ་གྱི་རང་སྣང་རི་མོའི་འགྲན་བསྡུར་ནང་ཞུགས་པ་ཡིན། ངས་བརྩམས་པའི་རང་སྣང་རི་མོའི་བརྩམས་ཆོས་ནི་བོད་རིགས་ཀྱི་བགྲེས་སོང་ཞིག་ཡིན་ཞིང་། འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་བྱུང་། ན་ནིང་ཟླ་9པར་ང་རང་ལྷ་སར་སྡོད་རྒྱུའི་ཐག་བཅད་པར་མ་ཟད། རང་སྣང་རི་མོ་འབྲི་བའི་ལས་དོན་ཁང་ཡང་བཙུགས་པ་ཡིན། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་བྱ་ཐབས་ལ་བརྟེན་ནས་ཚང་མས་དགའ་པོ་བྱེད་པའི་རང་སྣང་རི་མོའི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ་མི་དེ་བས་མང་བའི་ཡིད་དབང་བཀུག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཀླུའི་མཁའ་ཁྲོམ་ནི་2023ལོའི་ཟླ་7ཚེས་1ཉིན་ཚོད་ལྟའི་གཉེར་སྐྱོང་བྱས་ནས་རྣམ་པ་ཅན་དང་ཁྱད་ལྡན་ཅན་གྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་གཙོ་དོན་ཚོང་ལས་ཁྲོམ་གཞུང་གཏོད་རྒྱུར་གཞོལ་ནས་ཚོང་ལས་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་མགྱོགས་མྱུར་སྐྱེད་སྲིང་དང་གཏོད་བཞིན་ཡོད་པ་དང་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་ལྟེ་བའི་ཚོང་ཁུལ་དང་དེ་བཞིན་མཚན་མོའི་དཔལ་འབྱོར་གྱི་དཔེ་སྟོན་ཁུལ་དུ་འགྱུར་བར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། དེའི་ཁྲོད་རང་སྣང་རི་མོའི་རིག་གནས་གྱང་དེ་ལྷ་སའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད། མིག་སྔར་ལྷ་ཀླུའི་མཁའ་ཁྲོམ་གྱིས་ཚོང་འགུགས་ལས་དོན་བརྒྱ་ཆ་90ལེགས་གྲུབ་བྱུང་བའི་ནང་སྒར་རྒྱག་ཁོ་ཧྥེའི་ཚོང་ཁང་དང་། ཐེ་ལན་གྱི་ཟ་ཁང་། བཏུང་ཆ་གསར་པ་སོགས་དྲ་ཐོག་གི་གྲགས་ཅན་ཚོང་ཁང་ལ་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།ལྷ་ཀླུའི་མཁའ་ཁྲོམ་གྱི་ཚོང་ལས་གཉེར་སྐྱོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁང་ཧའེ་ཨུའུ་ཡིས་ལྷ་ཀླུའི་མཁའ་ཁྲོམ་གྱིས་རིག་གནས་ཡུལ་སྐོར་དང་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་གཙོ་དོན་ཚོང་ལས་ཁྲོམ་གཞུང་གཏོད་བཞིན་ཡོད་པར་མ་ཟད། བཟོ་དབྱིབས་མི་འདྲ་བའི་ཁྱད་ལྡན་ཚོང་ཁང་ཆུང་གྲས་20བཏོད་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་མཉམ་དུ་འདུས་ཏེ་ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་དང་། གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ནུས་པ་ཐོན་པ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་གཏོད་རྒྱུ་བཅས་རེད་ཅེས་ངོ་སྤྲོད་བྱས།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社