དབྱར་དུས་སུ་སླེབས་སྐབས་གྲོང་མི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་ནས་ཐོན་ཏེ་མཛེས་སྡུག་ལྡན་པའི་ས་ཆ་ཞིག་བཙལ་ནས་གཉེན་ཉེ་དང་གྲོགས་པོ་མཉམ་དུ་གླིང་ཁར་རོལ་གྱི་ཡོད། བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་དུ་ལྷ་ཡུལ་མི་ཡུལ་དུ་འཕོས་པ་ལྟ་བུའི་ཆེས་མཛེས་པའི་རྩྭ་ཐང་ཡོད་པར་མ་ཟད། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གླིང་ཁ་སྣ་ཚོགས་ལ་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད།
ཉེ་ཆར་གསར་འགོད་པ་གྲོང་ཁུལ་ནས་ཐོན་ཏེ་སྐར་མ་བཅུ་ཙམ་ལས་མ་འགོར་བར་བུམ་པ་རིའི་འབྲོག་རར་སླེབས་ཤིང་། འབྲོག་ར་འདི་ཉིད་རི་འདབས་སུ་བསྐྲུན་པ་དང་ཤིང་གིས་བཟོས་པའི་ཁང་པ་ཆུང་ཆུང་དང་མི་རིགས་ཀྱི་གཞི་རྒྱུ་ལྡན་པའི་རས་གུར་དཀར་པོ་ཕུབ་ནས་སྔོ་ལྗང་གི་རི་ལྡེབས་སུ་གཞི་གཅིག་ཏུ་འདྲེས་ཡོད། ཆུ་ཕྲན་ལྷུང་ལྷུང་དུ་འབབས་ཤིང་། དེའི་ཁར་པད་ཁའི་མེ་ཏོག་གིས་བརྒྱན་པ་དང་།སྦྲ་གུར་ནག་པོ་དང་འབྲོག་རའི་ནང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཉམས་འགྱུར་ཟབ་མོ་མངོན། ཐག་རིང་ནས་རྒྱང་ལྟ་བྱས་ཚེ།ཕོ་བྲང་པོ་ཏ་ལ་སྤྲིན་སྨུག་ཁྲོད་དུ་གསལ་ལ་མི་གསལ་བ་ཞིག་མངོན། སྔ་དྲོའི་ཆུ་ཚོད་12པར་སྦྲང་ཆར་ཟིམ་ཟིམ་བབས་ཀྱང་གླིང་ཁར་ཡོང་མཁན་མང་ཚོགས་ཀྱི་འདུན་པ་འགོག་ཐབས་བྲལ། ཡུན་རིང་མ་སོང་བར་གླིང་ཁའི་སྒོ་འགྲམ་རླངས་འཁོར་གྱིས་ཁེངས་འདུག གྲོང་མི་ཚེ་རིང་གིས་གྲོགས་པོས་ངོ་སྤྲོད་བྱས་པར་བརྟེན་ང་གླིང་ཁར་ཡོང་བ་ཡིན།དེ་གའི་ཡུལ་ལྗོངས་དང་ཁོར་ཡུག་ཚང་མ་ཧ་ཅང་ཡག་པོ་ཡོད་པར་མ་ཟད། འདི་ནས་ཕོ་བྲང་པོ་ཏ་ལར་རྒྱང་མཇལ་ཐུབ་ལ་གྲོང་གསེབ་ཀྱི་རྣམ་པ་གསར་པར་ཡང་མྱོང་རོལ་བྱེད་ཐུབ་པས་ཧ་ཅང་ཡག་པོ་འདུག་ཅེས་བཤད།
བུམ་པ་རིའི་འབྲོག་ར་ནི་བོད་ལྗོངས་བུམ་པ་རི་བཟའ་བཏུང་རིག་གནས་ཚད་ཡོད་ཀུང་སིས་ཚེ་མཆོག་གླིང་ཁྲོམ་གཞུང་གི་ཚེ་མཆོག་གླིང་གྲོང་ཚོ་དང་འགན་གཙང་གི་གན་རྒྱ་བཞག་ནས་བཙུགས་པའི་རིག་གནས་བློ་གསར་གླིང་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དངོས་ཉམས་ལེན་ཁང་ཞིག་ཡིན་ཞིང་། གཙོ་བོ་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་འབྲོག་ལས་དང་ཞིང་ལས་རྨོ་འདེབས་ཉམས་ལེན་བྱ་རྒྱུ་གཙོ་བོར་བྱས་ནས་འབྲོག་ར་དང་། གླིང་ཁ། དམངས་སྲོལ་ཞག་སྡོད་བཅས་གཞི་གཅིག་ཏུ་བསྡུས་པའི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་རེད། འབྲོག་རར་ཞག་སྡོད་དང་གླིང་ཁའི་སྤྲོ་ཁང་35ཡོད་པས་མང་ཤོས་ལ་ཐེངས་གཅིག་ལ་མི་ཆིག་སྟོང་ལྷག་ཙམ་ཤོང་ཐུབ། དམངས་སྲོལ་རིག་གནས་ཉམས་ལེན་ཐད་རྣམ་པ་གསར་པ་ཡོང་ཆེད།ཚལ་ཞིང་དང་སྦྲ་ནག་དམངས་སྲོལ་ཉམས་ལེན་ཁུལ། ཐོག་མེད་ཆུ་རྐྱལ་རྫིང་བུ།མཚན་མོའི་མེ་ཕུང་སྐོར་བྲོ་སོགས་ཆེད་མངགས་གྲ་སྒྲིག་བྱས་ཡོད་པས་ཡུལ་སྐོར་བར་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཉམས་ལེན་ཐུབ་ལ་སློབ་མའི་ཡུལ་སྐོར་སློབ་སྦྱོང་ལ་སྟེགས་བུ་ཡང་མཁོ་འདོན་བྱེད་ཐུབ་ཀྱི་ཡོད།
བུམ་པ་རིའི་འབྲོག་རའི་འགན་འཁུར་བ་བསོད་ནམས་མཐར་ཕྱིན་གྱིས་ང་ཚོའི་ཟ་ཁང་དང་འབྲོག་རའི་ལས་མི་ཚང་མ་ས་གནས་དེ་གའི་མང་ཚོགས་ཡིན་པ་དང་འབྲོག་རའི་ལས་གཉེར་ནི་འགོ་ཚུགས་པ་ཙམ་ཡིན།རྗེས་མར་བྱ་གཞག་སྔར་བས་ཡག་ཏུ་འགྲོ་བ་དང་ཡུལ་སྐོར་བྱ་གཞག་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ།མི་དེ་བས་མང་བ་ལས་ཞུགས་ཐུབ་པ། ཁོ་ཚོའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
འབྲོག་རར་ས་གནས་དེ་གའི་ལས་མི་20ལྷག་ཙམ་བསྡུས་པ་དང་ལོ་མཇུག་ཏུ་ད་དུང་ས་ཞིང་བོགས་དངུལ་གྱི་ཁེ་སྤོགས་བགོ་བ་བརྒྱུད་མང་ཚོགས་ལ་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད། བུམ་པ་རིའི་འབྲོག་རའི་ལས་མི་ཚེ་རིང་ལྷ་མོས་ང་ནི་ས་གནས་དེ་གའི་ཡུལ་མི་ཡིན། འབྲོག་ར་བསྐྲུན་རྗེས་ང་ཚོ་ཕྱི་ལ་ཞོར་ལས་སུ་འགྲོ་མི་དགོས་པ་དང་། གླ་ཆ་དང་ཐོབ་ཐང་ཡག་པོ་ཡོད་པར་མ་ཟད། ལས་ཀའི་ཁོར་ཡུག་ཡག་པོ་ཡོད་ལ་ཁྱིམ་དང་ཐག་ཉེ་བས་ཧ་ཅང་ཡག་པོ་འདུག་ཅེས་བཤད།
བུམ་པ་རིའི་འབྲོག་ར་ནས་ཚེ་མཆོག་གླིང་ལུང་ཤུར་བརྒྱུད་ལྷ་ཡུལ་རྩྭ་ཐང་ཕྱོགས་སུ་སྐྱོད་སྐབས་ལམ་བར་དུ་གླིང་ཁ་ཆེ་ཆུང་མང་པོ་ཡོད་པ་དང་།གཟའ་མཇུག་དང་འཕྲད་པས་གླིང་ཁ་ཚང་མ་གླིང་ཁ་གཏོང་བར་ཡོང་མཁན་མང་ཚོགས་ཀྱིས་ཁེངས་ཡོད། སྤྲོ་སྐྱིད་གླིང་སྤྲོ་གསེང་གཞིས་ཀར་སླེབས་སྐབས་གསར་འགོད་པས་ཁང་པ་ཚང་མ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་དོད་པོ་ཡོད་པ་མཐོང་བྱུང་། ལས་གཉེར་བྱེད་འགོ་ཚུགས་ཚུན་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱ་ཆེད། གཞིས་ཀ་དེས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་མཁོ་འདོན་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱས་པར་མ་ཟད། ཞིང་ལས་ཐོན་རྫས་ཚབ་འཚོང་གི་སྟེགས་བུ་མཁོ་འདོན་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། སྤྲོ་སྐྱིད་གླིང་སྤྲོ་གསེང་གཞིས་ཀའི་འགན་འཁུར་བ་ལིའུ་ལིས་ང་ཚོས་འབད་བརྩོན་བྱས་པ་བརྒྱུད་ས་གནས་དེ་གའི་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་དང་དེ་བས་ལེགས་པ་མཁོ་འདོན་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
གླིང་ཁ་གཏོང་རྒྱུ་དེ་རིམ་བཞིན་ཡུལ་སྐོར་གྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་པ་དང་གླིང་ཁའི་དཔལ་འབྱོར་དེ་བོད་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་པར་མ་ཟད། གྲོང་གསེབ་དར་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔའི་ཆར།ཚེ་མཆོག་གླིང་ཁྲོམ་གཞུང་དུ་རྩེར་སོན་པའི་རྣམ་པ་གསར་པ་དང་། རང་བྱུང་ཁམས་ཀྱི་སྤང་དུ་ལོག་པ། དམངས་སྲོལ་ཉམས་ལེན་ཁང་། དམག་དོན་སྒར་རྒྱག་རྟེན་གཞི་སོགས་གླིང་ཁ་མི་འདྲ་བ་10ལྷག་ཙམ་ཡོད།ཚེ་མཆོག་གླིང་ཁྲོམ་གཞུང་གིས་གླིང་ཁའི་དཔལ་འབྱོར་རྒྱུན་ཆད་མེད་པར་བཏོད་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྐུལ་ཁྲིད་དང་། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། གྲོང་གསེབ་ཡུལ་སྐོར་གྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་སྟེ་ལོ་ལྟར་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་ཁྲི་100ལྷག་ཙམ་ཡོང་གི་ཡོད།
རིག་གནས་བློ་གསར་གླིང་ཚེ་མཆོག་གླིང་ཁྲོམ་གཞུང་གི་ལས་དོན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་རྗེས་མར་ང་ཚོས་ས་གནས་དེ་གའི་ཁོར་ཡུག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་བརྒྱུད་ས་གནས་དེ་གའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社