ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་30ཉིན་གྱི་ཕྱི་དྲོར།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་ཕེ་ཡན་གྱིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་དང་། ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པ། ཁེ་ལས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་མི་350ལྷག་ཙམ་གྲོང་ཨུད་ཏང་གི་སློབ་གྲྭའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད།
སྙན་ཞུའི་ཚོགས་འདུའི་ཐོག ཐེན་ཕེ་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ལ་དམིགས་ཏེ།ཚོགས་ཆེན་གྱི་གཙོ་དོན་གཏན་འཁེལ་དང《གཏན་འབེབས》འཆར་ཟིན་འགོད་པའི་བརྒྱུད་རིམ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། 《གཏན་འབེབས》ནང་བཏོན་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཁྱོན་ཡོངས་ནས་གོ་བ་ཡང་དག་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་སོགས་ཕྱོགས་བཞིའི་ཐད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས་ཡོད། གོ་བདེ་བའི་གསལ་འགྲེལ་དང་། སྐུལ་སློང་གི་སྐད་ཆ། གསོན་ཉམས་དོད་པའི་གྱོད་དཔེ་བཅས་ལས་སྙན་ཞུའི་ཚོགས་འདུར་ཞུགས་མཁན་རྣམས་ཀྱི་མོས་པ་གཅིག་མཐུན་བྱུང་ཡོད།
གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡོན་ཉིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ཚེ།ང་ཚོའི་ཕྱིས་འབྱུང་གི་ལས་དོན་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།《གཏན་འབེབས》ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་ཡིན་ཞེས་བསྟན་ཡོད་པ་དང་།རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཏོན་ཡོད། རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ལམ་སྲོལ་སྔར་བས་ལེགས་སུ་བཏང་སྟེ།མི་རིགས་རིག་གནས་ཀྱི་གསར་གཏོད་ནུས་པར་སྐུལ་སྤེལ་གཏོང་རྒྱུ་དང་།རིག་གནས་ཡུལ་སྐོར་དང་ཚན་རྩལ་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད།རིག་གནས་ཀྱི་རྒྱུན་འཛིན་ནུས་པ་དང་བརྒྱུད་སྤེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་རིམ་བཞིའི་བརྟག་ཞིབ་པ་ཝུན་ཧའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དེའང་ང་ཚོས་ཞིང་གསུམ་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་ལས་དོན་གྱི་ཕྱོགས་སྟོན་ཞིག་རེད། ཞིང་གསུམ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས《གཏན་འབེབས》གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་རྒྱུ་ཡིན། ཕྱིས་འབྱུང་།《གཏན་འབེབས》ནང་བཏོན་པའི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ།གྲོང་གསེབ་ཀྱི་ས་ཞིང་གི་དབང་ཆ་གསུམ་དབྱེ་འབྱེད་ལས་དོན་མུ་མཐུད་ལག་བསྟར་ཡག་པོ་བྱས་ནས་ཞིང་ལས་ཀྱི་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་བྱ་རྒྱུ་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི་ས་ཞིང་དང་ས་ཁང་ཐོན་ཁུངས་གཙོ་བོར་ཕན་འབྲས་ལྡན་པའི་བཀོད་སྒྲིག་དང་ཐོན་འབབ་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྔར་བས་རམ་འདེཊ་བྱ་རྒྱུ་ཡིན་ཞེས་བཤད།
ཆུ་ཚོད་གཉིས་རིང་གི་སྙན་ཞུའི་ནང་དོན་གྱི་གཙོ་དོན་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པས། གོ་བདེ་བའི་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་ཡོད་ལ་དོན་དངོས་དང་ཟུང་འབྲེལ་བྱས་པའི་མྱོང་ཚོར་དང་བསམ་གཞིགས་ཀྱང་ལྡན་ཡོད། ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱ་རྒྱུ་དང་།སློབ་སྦྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་བར་བྱས་ཏེ།སྒྱུར་བཅོས་བྱེད་ཐབས་ཁག་གོ་རིམ་ལྡན་པའི་ངང་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཆིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ང་ཚོའི་ལས་དོན་ལ་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྱང་ཚན་རྩལ་གསར་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཆེད་དོན་ལས་དོན་ཐད་བཀོད་སྒྲིག་ཐེངས་མང་གནང་ཡོད། ཕྱིས་འབྱུང་།ང་ཚོས་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ།གསར་གཏོད་ཀྱི་བྱེད་པོ་གསོ་སྐྱོང་ཧུར་ཐག་བྱས་ནས་གསར་གཏོད་ཀྱི་ལས་སྟེགས་དེ་བས་ལེགས་པ་བསྐྲུན་རྒྱུ་དང་།ལྷ་སའི་ཚན་རྩལ་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བརྟན་པོ་བྱས་ཏེ།ཚན་རྩལ་གསར་གཏོད་ལ་བརྟེན་ནས་ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བདེ་ཆེན་སྒྲོལ་དཀར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དུས་རབས་གསར་པ་ཤར་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གྲུབ་འབྲས་ཀྱི་ལག་ལེན་དང་རླབས་ཆེན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། ཕྱིས་འབྱུང་།ང་ཚོས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ།ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་དུ་གཏོང་བ།ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ལག་བསྟར་ནན་པོ་བྱ་རྒྱུ། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་གྱི་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社