གྲོས་བསྡུར་དྲག་པོ་དང་བསམ་བློའི་བརྗེ་རེས་བྱས་པ་བརྒྱུད།2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ཟླ་7ཚེས་30ཉིན་གྱི་སྔ་དྲོར་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་མཇུག་འགྲིལ་མཛད་སྒོ་དེ་འདས་ཟིན་པའི་ཉིན་འགའི་ངོ་མཚར་ཆེ་བའི་གླེང་སྟེགས་བྱེད་སྒོའི་ཕྱོགས་བསྡོམས་ཞིག་ཡིན་པར་མ་ཟད། འབྱུང་འགྱུར་གྱི་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱང་ལྟ་དང་རེ་སྒུག་བྱེད་པ་ཞིག་ཀྱང་རེད།
ཉིན་ཤས་རིང་།གྲངས་འཛིན་གྱི་སྦྲེལ་ཟམ་ཧི་མ་ལ་ཡ་བརྒལ་ནས་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་ཁེ་ལས་ཀྱི་འཐུས་མི་ཚང་མའི་ཐུན་མོང་གི་ངོས་འཛིན་བརྟན་པོ་ཞིག་ཏུ་གྱུར་ཡོད། ལྷ་སས་གྲངས་འཛིན་འཕོ་འགྱུར་གྱི་གོ་སྐབས་ལ་སྟངས་འཛིན་ཇི་ལྟར་བྱས་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པ་དང་གྲོང་མི་མང་ཚོགས་ཡོངས་ཀྱི་གླེང་མང་བའི་གླེང་གཞིར་གྱུར་ཡོད། གནས་མཆོག་ལྷ་སར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར་ནས་ལྷ་སར་གྲངས་འཛིན་དཔལ་འབྱོར་ཁེ་ལས་ཀྱིས་མ་འཇོག་དང་ལས་གཉེར་བྱ་རྒྱུར་འཚམ་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་འཇགས་ཡོད། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཤིས་ཚིག་གསུངས་སྐབས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ད་ཐེངས་ཀྱི་གླེང་སྟེགས་ནང་ཞུགས་མཁན་སྐུ་མགྲོན་དང་། ལས་རིགས་ཁག་གི་གྲོགས་པོ། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་མཁས་ཅན་བཅས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གླེང་སྟེགས་བདེ་བླག་ངང་གཉེར་ཆེད་དཀའ་སྤྱད་འབད་བརྩོན་གནང་མཁན་ལས་དོན་པར་བླ་ན་མེད་པའི་གུས་བཀུར་ཡང་ཞུས་པ་རེད།
ད་ཐེངས་ཀྱི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱིས“ཐོན་སྐྱེད་ནུས་ཤུགས་གསར་པས་ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ”ཞེས་པ་གཙོ་དོན་དུ་བྱས་པའི་ཆེད་དོན་གླེང་སྟེགས་ཐོག་ཕྱོགས་ཡོངས་དང་ཟུར་སྣེ་མང་པོའི་ཐོག་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་དེ་ཇི་ལྟར་བྱས་ནས་གྲངས་འཛིན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་སྒུལ་ཤུགས་སུ་འགྱུར་བར་དབྱེ་ཞིབ་བྱས་ཡོད་ཅིང་།གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་རྩེ་གྲ་མང་པོ་གཅིག་ཏུ་བསྡུས་ནས་གཙོ་དོན་གླེང་སྟེགས་ཐེངས་10ལྷག་ཙམ་དང་།རིམ་པ་མང་བའི་སྤེལ་རེས་དང་ཞིབ་བསྡུར་བྱས་པས་སྣ་མང་ཕུན་སུམ་ཚོགས་པའི་གྲངས་འཛིན་དཔལ་འབྱོར་གྱི་བློ་གྲོས་མེ་ཏོག་བཞད་ཡོད།
མཇུག་འགྲིལ་མཛད་སྒོའི་ཐོག་2024ལོའི“གྲངས་གཞིའི་རྒྱུ་རྐྱེན་X”ཡི་འགྲན་བསྡུར་ཆེན་མོའི་བོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། བྱ་དགའ་སྤྲོད་པའི་མཛད་སྒོ་ནི་བྱེད་སྒོ་ཧྲིལ་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཚོགས་ཆེན་ཧྲིལ་པོའི་མཐོ་རླབས་སུ་གྱུར་ཡོད་ལ།ཚོགས་ཞུགས་མི་སྣ་མང་པོའི་དོ་ཁུར་ཡང་ཐོབ་ཡོད། འདི་ནི་འགྲན་བསྡུར་ནང་ཞུགས་མཁན་ཚོགས་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། ཁེ་ལས་དང་མི་སྒེར་དེ་བས་མང་བ་གྲངས་འཛིན་བེད་སྤྱོད་དང་གསར་གཏོད་ནང་ཞུགས་རྒྱུར་སྐུལ་མ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད། དེས་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད་པར་མ་ཟད།ད་དུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
མཐོ་གསར་ལག་རྩལ་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་ལ་གན་རྒྱ་འཇོག་པའི་དུས་སུ་ཁེ་ལས་ཀྱི་འཐུས་མི་མང་པོ་དང་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་མཉམ་དུ་འཛོམས་ནས་ལོ་རྒྱུས་རང་བཞིན་གྱི་མཉམ་ལས་ལ་ཐུན་མོང་ཐོག་བདེན་དཔང་བྱས་ཡོད། གཙོ་སྐྱོང་པས་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག་ཚང་མས་གཅིག་རྗེས་གཉིས་མཐུད་ངང་རང་རང་གི་ལག་པ་ཇུས་འགོད་ཞིབ་ཚགས་བྱས་པའི་གན་རྒྱ་འཇོག་པའི་ཀ་བའི་ཐོག་བཞག་པ་དང་།བྱ་སྤྱོད་དེས་ཕྱོགས་ཁག་གི་མཉམ་ལས་དངོས་སུ་གཏན་འཁེལ་བྱས་པ་མཚོན་པར་མ་ཟད། ཐུན་མོང་ཐོག་ལག་གདང་སྦྲེལ་ནས་འབྱུང་འགྱུར་གཏོད་པའི་ཆོད་སེམས་བརྟན་པོ་ཡང་དེ་བས་མཚོན་གྱི་ཡོད།
ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱིས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། 2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ལ་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད། གླེང་སྟེགས་རིང་ལྷ་ས་གྲོང་ཁྱེར་གྱིས“གྲངས་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཅན་མགྱོགས་སུ་གཏོང་བ་སོགས་ཚུད་པའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་གསར་ཤོས་འགྲེམས་སྟོན་བྱས་པ་རེད། 《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ(རྒྱབ་ཤ་དཀར་པོའི་དེབ)》ཐོག་མར་ཁྱབ་བསྒྲགས་བྱས་ནས་མཚོ་བོད་ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཐད་ཉམས་མྱོང་ཕྱོགས་བསྡོམས་དང་། དུས་བབ་དབྱེ་ཞིབ། ཆོས་ཉིད་འཚོལ་ཞིབ་བཅས་བྱས་པར་མ་ཟད། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རྒྱང་ལྟ་ཡང་བྱས་ཡོད། གཞན་ཡང་2024ལོའི“གྲངས་གཞིའི་རྒྱུ་རྐྱེན་X”ཡི་འགྲན་བསྡུར་ཆེན་མོ་བོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་འགྲན་བསྡུར་གཉེར་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དཔེ་མཚོན་ཁག་གཅིག་སྔོག་འདོན་བྱས་ཏེ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་གསར་གཏོད་ཀྱི་གཙོ་གཟུགས་སྐྱེད་སྲིང་བྱས་ཡོད་ལ། གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་དང་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཁེ་ལས་ཁག་གཅིག་ལྷ་སར་གཞིས་ཆགས་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་དབྱར་མཚོ་རྒྱས་པ་ལྟར་བུའི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社