ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་མགྱོགས་མྱུར་གཅིག་གྱུར་ཡོང་བར་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་དུ་ལེགས་པར་སྤེལ་དགོས་ཞེས་བླང་བྱ་བཏོན་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་། ཞིབ་འཇུག དོན་འཁྱོལ་བཅས་ཀྱི་ཐད་མིག་དཔེ་ཡག་པོ་སྟོན་དགོས་པ་དང་། འགན་འཁྲི་དང་ཟུང་འབྲེལ་གྱིས་བསམ་གཞིགས་གཏིང་ཟབ་བྱས་ཏེ། འཕྲལ་སྡོམ་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་འདོན་དགོས་པར་མ་ཟད། རྣམ་པ་མང་བ་དང་། རིམ་པ་དབྱེ་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོར་དམ་འཛིན་ལེགས་པར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་ཁྱོན་ཡོངས་ནས་གོ་བ་བླངས་ཏེ་གང་དེའི་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་ཤེས་པ། ཐབས་ཤེས་སྦྱོང་བ། བློ་གྲོས་འཕེལ་བ། ལག་བསྟར་ཐུབ་པ་བཅས་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱི་འགན་འཁྲིར་དམིགས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”བསམ་པ་ལ་བརྟེན་ནས་མིག་སྔའི་བདེ་འཇགས་དང་དོགས་ཟོན་ཐད་ཀྱི་ལས་དོན་ལ་དམ་འཛིན་གྱིས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་ལས་དོན་གཏིང་ཟབ་སྤེལ་བ། རང་བྱུང་གནོད་འཚེ་དང་ལྷག་པར་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་གི་བྱ་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社