分享按钮

སྡེ་ཚན་མང་པོས་གྲོང་མི་དང་ཡུལ་སྐོར་བའི་བསམ་འཆར་མགྱོགས་མྱུར་དང་ལེན་བྱས་ཏེ་ཐུན་མོང་དུ་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་20ཉིན། དྲ་གྲོགས་དང་གྲོང་མི་ཁག་གཅིག་གིས་བསམ་འཆར་བཏོན་པར་གཞིགས་ན། “ལྷ་སའི་ཆེས་མཛེས་ཤོས་ཀྱི་Sལམ་དབྱིབས”ཏེ་ཕོ་བྲང་པོ་ཏ་ལ་པར་དུ་ལེན་ས་ཡག་ཤོས་སུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལམ་སྟོན་བྱང་བུ་བསྒྲིགས་ནས། ཡུལ་སྐོར་བའི་ཡུལ་སྐོར་གྱི་ཉམས་ལེན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། དེར་བརྟེན་བསམ་འཆར་འབྱོར་མ་ཐག་ཏུ་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱས་ནས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པར་ཕྱིན་ནས་འགྲིམ་འགྲུལ་གྱི་ལམ་སྟོན་བྱང་བུ་བཤིགས་ནས་ས་ཆ་གཞན་དུ་སྤོས་པ་རེད།

བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་རྒྱལ་ཁབ་ས་ཆ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཝང་རྨིན་གྱིས། ང་ཚོས་དེ་གར་འགྲིམ་འགྲུལ་ལམ་སྟོན་བྱང་བུ་བཙུགས་པའི་དམིགས་ཡུལ་ནི་ཚང་མར་དལ་བུར་བསྐྱོད་དགོས་ཞེས་དྲན་སྐུལ་བྱ་ཆེད་ཡིན་མོད། འོན་ཀྱང་པར་ལེན་དང་ལྗོངས་རྒྱུ་ལ་ཤུགས་རྐྱེན་ངན་པ་བཟོས་སོང་བས། འདི་གར་གྲོང་མི་རྣམས་དང་ཡུལ་སྐོར་བར་ལྷག་བསམ་ཟོལ་མེད་ཀྱིས་དགོངས་དག་ཞུ་རྒྱུ། ང་ཚོས་འགྲིམ་འགྲུལ་ལམ་སྟོན་བྱང་བུ་ས་ཆ་གཞན་དུ་སྤོས་ཟིན་ཞེས་བཤད།

འགྲིམ་འགྲུལ་བདེ་འཇགས་ལམ་སྟོན་བྱང་བུ་ས་ཆ་གཞན་དུ་སྤོས་པ་ཕུད། ལྷ་སའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཀྱང་ལམ་དུམ་དེར་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྷག་པར་དུ་སྒྲིག་སྲོལ་ལས་འགལ་བའི་རླངས་འཁོར་དང་སྦག་སྦག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འགྲོ་ལམ་ཤར་གཏོང་ཐུབ་པར་བྱེད་པ་དང་། རླངས་འཁོར་མྱུར་ཚད་ལས་བརྒལ་བ་སོགས་ཀྱི་གནས་ཚུལ་མི་ཐོན་པར་བྱེད་བཞིན་ཡོད། དེ་གར་ཡོད་པའི་ཡུལ་སྐོར་བ་རྣམས་ཀྱིས། ལེགས་སྒྲིག་བྱས་རྗེས་ཀྱི་འགྲིམ་འགྲུལ་ལམ་སྟོན་བྱང་བུ་འཛུགས་ས་དེ་ནི་སྔར་བས་ལུགས་དང་མཐུན་ལ་ཕོ་བྲང་པོ་ཏ་ལ་བདེ་བླག་ངང་པར་དུ་ལེན་ཐུབ་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

དྲ་གྲོགས་དང་གྲོང་མི་ཚོས་ད་ཐེངས་ཀྱི་འགྲིམ་འགྲུལ་ལམ་སྟོན་བྱང་བུ་དུས་ཐོག་ཏུ་ལེགས་སྒྲིག་བྱས་པར་གདེང་འཇོག་བཟང་པོ་བྱས་པ་དེའི་ཐོག་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དངོས་ཐོག་བདེན་འཚོལ་དང་གནད་དོན་ཐག་གཅོད་བྱེད་པའི་མྱུར་ཚད་མཚོན་པར་མ་ཟད། ལྷ་སའི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཀྱི་ཆོད་སེམས་མངོན་ཡོད། འདི་གར་རྒྱ་ཆེའི་ཡུལ་སྐོར་བས་ཡུལ་སྐོར་དང་པར་ལེན་བྱེད་རིང་འགྲིམ་འགྲུལ་བདེ་འཇགས་དང་སྒྲིག་ལམ་ལ་དོ་སྣང་བྱས་ནས་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོར་ཐུན་མོང་དུ་སྲུང་སྐྱོང་བྱེད་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185048.html 1 སྡེ་ཚན་མང་པོས་གྲོང་མི་དང་ཡུལ་སྐོར་བའི་བསམ་འཆར་མགྱོགས་མྱུར་དང་ལེན་བྱས་ཏེ་ཐུན་མོང་དུ་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་བཏོད་པ། /enpproperty-->