分享按钮

སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་1.3ཛ་དྲག་ངང་བཏང་ནས་སི་ཁྲོན་དང་ཁྲུང་ཆིང་ལ་རོཊ་སྐྱོར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ།ཚེས་12ཉིན།གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཉིན་དེར་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་མཉམ་དུ་ཁྲུང་ཆིང་དང་སི་ཁྲོན་ལ་ཁྱིམ་ཚང་གི་འཕྲལ་སྡོམ་ཁུག་མ་དང་།ཉལ་ཁྲི།དབྱར་ཁའི་མལ་ཆས་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་1.3ཛ་དྲག་ངང་བཏང་ནས་ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

མིག་སྔར་སི་ཁྲོན་གཤོང་ས་དང་།ཅང་ཧོའེ།ཅང་ཧན་སོགས་ས་ཁུལ་དུ་ཆར་པ་དྲག་པོ་བསྟུད་མར་བབས་པ་དང་།འབྲུབ་དུས་ཀྱི་ཆུའི་ཚད་ཐིག་ལས་བརྒལ་བ།ཆུ་གནས་མཐོ་བའི་ཆུ་མཛོད་འབྲིང་ཆུང་གྲངས་འབོར་ཧ་ཅང་མང་བ།ཆུ་སྦུག་འགག་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་ཉེན་ཆེ་བ་དང་།དེ་དང་ཆབས་ཅིག་བྱང་ཕྱོགས་ས་ཁུལ་དུ་འབྲུབ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་ཉེར་ཡོད།ཆུ་མཛོད་བདེ་འཇགས་ངང་འབྲུབ་དུས་སྒྲོལ་བ་དང་།ཆུ་རགས་ལ་སྐོར་ཞིབ་འགོག་སྲུང་།ས་ཆ་ཁ་ཤས་སུ་ཆར་པ་དྲག་པོ་བབས་པར་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་བཅས་ལ་དུས་བབ་ཛ་དྲག་པོ་འཕྲད་ཡོད།

ཚེས་12ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་གནམ་གཤིས་དང་།ཆུ་བེད།རང་བྱུང་ཐོན་ཁུངས།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་གི་ཆེད་དོན་མཉམ་འབྲེལ་གྲོས་མོལ་ཚོགས་འདུ་འཚོགས་ནས་ཧུའུ་ནན་དང་།ཁྲུང་ཆིང་།ཅང་སུའུ་སོགས་ཞིང་ཆེན་11ལ་བརྙན་ལམ་ཐོག་ནས་ཉེ་དུས་ཀྱི་ཆར་ཆུ་དང་འབྲུབ་དུས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་།གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་ལས་དོན་ཐད་བཀོད་སྒྲིག་བྱས་པ་རེད།

འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ཆུ་མཛོད་ཀྱི་འབྲུབ་དུས་བདེ་འཇགས་ངང་སྒྲོལ་རྒྱུ་འགན་ལེན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཉེ་དུས་ཆུ་མཛོད་ཀྱི་ཉེན་ཁ་ཐོན་པའི་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་དགོས།ཐོན་ཀྲོའུ་ཆུ་རགས་ཀྱི་འཕྲལ་སྡོམ་ཆུ་འབུད་དང་ཆུ་རགས་སྐོར་ཞིབ་གཅིག་གྱུར་ཐོག་ཡག་པོ་བསྒྲུབ་དགོས་པ་དང་དུས་མཚུངས་མུ་མཐུད་འགོག་སྲུང་འཛིང་རགས་གཉིས་པའི་དབར་གྱི་ཆུ་རགས་དང་འགོག་སྲུང་འཛིང་རགས་གསུམ་པའི་ཆུ་ལོག་འགོག་པའི་ཆུ་རགས་ཀྱི་སྐོར་ཞིབ་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས།སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་།ཀན་སུའུ་ལྷོ་རྒྱུད།ཧྲའན་ཤིས་ལྷོ་ནུབ་རྒྱུད།ཧོ་ནན་བྱང་རྒྱུད།ཧྲན་ཏུང་ནུབ་རྒྱུད་སོགས་གཙོ་གནད་ས་ཁུལ་དུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་འགོག་སྲུང་མངོན་གསལ་དོད་པོས་ལེགས་པར་བསྒྲུབས་ཏེ།སྔོན་ཚུད་ཉེན་བརྡ་དང་ལེན་མཉམ་འགུལ་དང་གནོད་འཚེ་འབྱུང་སྐབས་སྔོན་ཚུད་ཉེན་བརྡ་གཏོང་བའི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་དགོས།གཙོ་གནད་ས་ཁུལ་གྱི་ཉེན་སེལ་སྟོབས་ཤུགས་ཀྱི་དངོས་ཟོག་སྔོན་ནས་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་བཤད་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-15 6 6 拉萨日报藏文 c184345.html 1 སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་1.3ཛ་དྲག་ངང་བཏང་ནས་སི་ཁྲོན་དང་ཁྲུང་ཆིང་ལ་རོཊ་སྐྱོར་བྱས་པ། /enpproperty-->