ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་ཁྱོན་ཡོངས་ནས་འབྲུབ་དུས་གཙོ་བོར་སླེབས་པ་དང་། ཟླ་བདུན་པའི་ཟླ་སྟོད་དང་ཟླ་བརྒྱད་པའི་ཟླ་མཇུག་གི་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཉེར་ཡོད།ཆུ་བེད་པུས་ཉེ་ཆར་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ནས་ཟླ་བདུན་པའི་ཟླ་སྟོད་དང་ཟླ་བརྒྱད་པའི་ཟླ་མཇུག་གི་འབྲུབ་འགོག་གི་འགག་རྩའི་དུས་ཀྱི་རྒྱལ་ཡོངས་ཀྱི་འབྲུབ་འགོག་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ་དང་། འབབ་རྒྱུད་ཆེ་གྲས་ཁག་གི་གནས་ཚུལ་མི་འདྲ་བར་དམིགས་ནས་འབྲུབ་འགོག་གི་གཙོ་གནད་བཀོད་སྒྲིག་བྱས་ཡོད་པ་རེད།
ཆུ་བེད་པུས་ཁྱབ་བསྒྲགས་བྱས་པའི་ཆུ་འབྲུབ་གནས་ཚུལ་བརྡ་ཁྱབ་ལས་མངོན་པར། སྔོན་བརྡ་ལྟར་ན། ཟླ་བདུན་པའི་ཟླ་སྟོད་དང་ཟླ་བརྒྱད་པའི་ཟླ་མཇུག་གི་འབྲུབ་འགོག་གི་འགག་རྩའི་དུས་སུ་རང་རྒྱལ་དུ་ཐན་པ་དང་ཞོད་སྐྱོན་མཉམ་དུ་འཁེལ་བ་དང་། ཞོད་སྐྱོན་ཐན་པ་ལས་ཚབས་ཆེ་བ། ཐེངས་མང་ཐོན་པའི་རྣམ་པ་མངོན་པ། ཤུགས་ཚད་ཆེ་རུ་འགྲོ་བ་བཅས་ཀྱི་རྐྱེན་པས་གནོད་འཚེའི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། འབྲི་ཆུའི་སྟོད་རྒྱུད་དང་། རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད། ཧོའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་དབྱི་ཧོ་དང་ཧྲུའུ་ཧོ་གཙང་པོ། ཧའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་ཀྲང་ཝུའེ་གཙང་པོ་དང་ ཙི་ཡ་གཙང་པོ། སུང་ཧྭ་ཅང་གཙང་པོ། ལིའོ་ཧོ་གཙང་པོ་སོགས་ཀྱི་ཞོད་སྐྱོན་ཆེ་རུ་འགྲོ་རྒྱུ་དང་། རྒྱ་མཚོའི་རླུང་འཚུབ་2ནས་3སྐམ་སར་ཡོང་བ་དང་།ཤུགས་ཚད་ཅུང་ཆེ་བ་བཅས་ཡིན་པས། རྒྱ་མཚོའི་རླུང་འཚུབ་བྱང་ཕྱོགས་སུ་བསྐྱོད་ནས་གནོད་འཚེ་ཤུགས་རྐྱེན་ཐེབས་སྲིད།
འབྲི་ཆུའི་འབབ་རྒྱུད་ཐད་མིག་སྔར་འབྲི་ཆུའི་ཆུ་ལོག་ཨང་1པོ་དང་ཆུ་ལོག་ཨང་2པ་སྔར་བཞིན་འཕེལ་འགྱུར་གྱི་བརྒྱུད་རིམ་དུ་གནས་ཡོད། ཆུ་བེད་པུས་སྔོན་དཔག་བྱས་ན་འབྱུང་འགྱུར་གཟའ་འཁོར་གཅིག་ནང་འབྲི་ཆུའི་སྟོད་རྒྱུད་དུ་ད་དུང་ཆུ་ལོག་ཐེངས་གཅིག་ཐོན་རྒྱུ་དང་ཆུ་ལོག་ཐེངས་མང་འབྲེལ་མཐུད་དང་ཤུགས་རྐྱེན་རྩེག་སྣོན་གྱི་ཉེན་ཁ་ཡོད་པས་འབྲུབ་འགོག་དུས་བབ་རྙོག་འཛིང་ཆེ་བ་དང་ཛ་དྲག་པོ་ཡོད་པ་རེད།
འབྲི་ཆུའི་འབབ་རྒྱུད་དུ་ཆུ་རགས་སྐོར་ཞིབ་དང་འགོག་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཉེན་ཁའི་གནས་ཚུལ་སྔ་ཙམ་ནས་སྔོན་དཔག་དང་། སྔ་ཙམ་ནས་ཤེས་རྟོགས། སྔ་ཙམ་ནས་ཐག་གཅོད། སྔ་ཙམ་ནས་མེད་པ་བཟོ་བ་བཅས་བྱས་ཏེ་འབྲི་ཆུའི་ཆུ་རགས་དང་ཏུང་ཐིང་མཚེའུ། པའོ་དབྱང་མཚེའུ་བཅས་ཀྱི་ཆུ་རགས་གལ་ཆེན་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། འབྲི་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་ཀྱི་ཆུ་མཛོད་མཉམ་འབྲེལ་ཐོག་བཀོད་གཏོང་ཡག་པོ་བྱས་ནས་འགག་གསུམ་ཆུ་མཛོད་ལྟེ་བར་བྱས་པའི་ཆུ་གཞུང་དང་ཆུ་ལག་ཚོད་འཛིན་རང་བཞིན་གྱི་ཆུ་མཛོད་གནད་ལ་འཁེལ་བའི་སྒོ་ནས་བཀོད་གཏོང་བྱས་ཏེ་ལས་གྲྭའི་མ་ལག་གི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་དགོས། ཆུ་མཛོད་བདེ་འཇགས་ངང་འབྲུབ་དུས་ཐེག་ཐུབ་པའི་འགན་ལེན་དང་ཆུ་ལོག་གི་གནོད་འཚེ་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲུའུ་ཧོ་ཆུ་བོའི་ཆུ་ལོག་འགོག་སྲུང་ཡག་པོ་བྱས་ནས་སྔོན་བརྡ་གཏོང་བ་དང་། ཉེན་བརྡ་གཏོང་བ། སྔོན་བརྡ། གྲ་སྒྲིག་འཁྲབ་སྟོན། སྔོན་ཇུས་བཅས་ཀྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཆར་པ་ཧ་ཅང་འབབ་པའི་ཆ་རྐྱེན་འོག་ཆུ་ལོག་གསོག་འཇོག་ཁུལ་བེད་སྤྱོད་བྱ་རྒྱུའི་གྲ་སྒྲིག་སྔ་སྣུར་ནས་ཡག་པོ་བྱེད་དགོས།
ཐའེ་ཧུའུ་མཚེའུ་འབབ་རྒྱུད་ཐད་ཆུ་ལོག་ཕྱིར་འབུད་བྱེད་ཤུགས་ཆེ་རུ་བཏང་ནས་ཆུའི་ཚད་གཞི་གང་མགྱོགས་དམའ་རུ་བཏང་སྟེ་ཐའེ་ཧུའུ་མཚེའུ་དང་ཆུ་བོའི་དྲ་བའི་ཆུའི་ཚད་གཞི་མཐོ་བའི་དུས་ཚོད་ཐུང་དུ་བཏང་བ། ཉེན་ཁ་ལས་བརྒལ་བའི་ཆུ་བོའི་ཆུ་རགས་ལ་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁའི་གནས་ཚུལ་ཐོན་ཚེ་སྔ་ཙམ་ནས་སྔོནའགོག་དང་།ཆུང་དུས་ཐག་གཅོད་བྱ་རྒྱུ།བརྟན་པོ་ཡོང་བ་བཅས་བྱས་པ། ཏུང་ཐའོ་ཞིའི་ཆུ་ལོག་འགོག་སྲུང་གི་ལས་གྲྭའི་གྲ་སྒྲིག་མུ་མཐུད་ཡག་པོ་བྱས་ནས་རྗེས་མཐུད་ཀྱི་ཆུ་ལོག་ལ་ཁ་གཏད་གཅོག་ཆེད་བར་སྟོང་སྔོན་ཉར་བྱེད་དགོས། གཞན་ཡང་རྒྱ་མཚོའི་རླུང་འཚུབ་དང་ཆར་པ་དྲག་པོ་འབབ་པའི་སྔོན་འགོག་དང་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་སྔ་སྣུར་ནས་ཡག་པོ་བྱེད་དགོས།
ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་ཐད་སྟོད་རྒྱུད་ཆུ་མཛོད་ཀྱི་ཆུ་ལོག་སྔོན་འགོག་བེད་སྤྱོད་གཏོང་རྒྱུར་བཀོད་གཏོང་བྱས་པ། ཧུང་ཙེ་མཚེའུའི་ཆུའི་ཚད་གཞི་གནད་ལ་འཁེལ་བའི་སྒོ་ནས་ཚོད་འཛིན་བྱས་ཏེ་ཧོའེ་ཧོ་ཆུ་བོའི་ཆུ་ལོག་གཤོང་བའི་ཆ་རྐྱེན་བསྐྲུན་པ་དང། ཏ་པེ་རི་ཁུལ་དང་ཐུང་པའེ་རི་ཁུལ་གྱི་ཆུ་ལོག་གི་གནོད་འཚེ་སྟོནའགོག་བྱེད་ཤུགས་ཆེ་རུ་བཏང་བ། ཆུ་མཛོད་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པའི་འགན་ལེན་བྱས་པ། དབྱི་ཧྲུའུ་སི་ཆུ་རྒྱུད་ཀྱི་ཆུ་ལོག་ཤར་ཕྱོགས་སུ་དྲངས་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་རྒྱུར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཡོད།
ཧའེ་ཧོ་གཙང་པོའི་འབབ་རྒྱུད་ཐད་ཀྲང་ཝུའེ་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་མཛོད་ལ་བཀོད་གཏོང་ཡག་པོ་བྱས་ནས་ཀྲང་ཝུའེ་གཙང་པོ་དང་ཙི་ཡ་ཧོ་ནན་རྒྱུད་ཀྱི་ཆུ་ལམ་གྱི་ཆུ་ལོག་རྒྱུག་ལམ་ཤར་གཏོང་བྱས་ཏེ་ཆུ་མཛོད་འབྲིང་ཆུང་དང་ཉེན་ཁ་ཆེ་བའི་ཆུ་མཛོད་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ལོག་གི་གནོད་འཚེ་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ཆུ་རགས་ལ་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྲུན་བཞིན་པའི་ལས་གྲྭའི་འབྲུབ་དུས་བདེ་འཇགས་ངང་སྒྲོལ་ཐུབ་པའི་འགན་ལེན་བྱས་ཏེ་ལྷོ་ཆུ་བྱང་འདྲེན་གྱི་དབུས་ལམ་ལས་གྲྭའི་ཆུ་ལོག་འགོག་སྲུང་ཡག་པོ་བྱེད་དགོས།
སུང་ཧྭ་གཙང་པོའི་འབབ་རྒྱུད་ཐད་ཧྥེང་མན་དང་པའེ་ཧྲན་སོགས་ཆུ་མཛོད་ཀྱི་ཆུ་ལོག་གསོག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆུ་ལོག་གི་གནོད་འཚེ་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆུ་རགས་ལ་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་མཛོད་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།
ལིའོ་ཧོ་གཙང་པོའི་འབབ་རྒྱུད་ཐད་ཆུ་མཛོད་ཀྱི་འབྲུབ་འགོག་དང་ཆུ་གཞུང་གི་ཆུ་རྒྱུན་སྦྲེལ་མཐུད་བཀོད་གཏོང་གཅིག་གྱུར་གྱིས་ཡག་པོ་བསྒྲུབས་ནས་ཆུ་ལོག་གི་རྒྱུག་ལམ་གཤོང་བ་དང་། ཆུ་རགས་ལ་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཆུ་ལོག་གི་གནོད་འཚེ་འགོག་སྲུང་དང་ཆུ་མཛོད་འབྲིང་ཆུང་དང་ཉེན་ཁ་ཆེ་བའི་ཆུ་མཛོད་བདེ་འཇགས་ངང་འབྲུབ་དུས་ཡག་པོ་སྒྲོལ་ཐུབ་པ་བྱས་ཡོད།
རྨ་ཆུའི་འབབ་རྒྱུད་ཐད་ཞའོ་ལང་ཏི་སོགས་འབབ་རྒྱུད་ཀྱི་ཆུ་མཛོད་ཁྱུ་ཚོགས་བཀོད་གཏོང་ཡག་པོ་བྱས་ནས་སྨད་རྒྱུད་ཀྱི་ཆུ་ལམ་ལས་གྲྭ་དང་ཆུ་རགས་ལས་གྲྭའི་བདེ་འཇགས་འགན་ལེན་བྱས་ཏེ་ཆུ་མཛོད་འབྲིང་ཆུང་དང་། ཉེན་ཁ་ཆེ་བའི་ཆུ་མཛོད། འདམ་སའི་ཆུ་རགས་བཅས་བདེ་འཇགས་ངང་འབྲུབ་དུས་སྐྱེལ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།
ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་ཐད་དུས་འགོའི་ཆུ་ལོག་འགོག་སྲུང་གི་ལས་དོན་དང་བསྐྱར་གསོའི་ལས་དོན་ལ་དམ་འཛིན་བྱས་ནས་ཞན་ཆ་དུས་ཐོག་ཏུ་གསབ་པ་དང་། རྒྱ་མཚོའི་རླུང་འཚུབ་ཐོན་པ་དང་འཕེལ་ཕྱོགས་ལ་ལྟ་ཞིབ་དང་སྔོན་དཔག་དམ་ཟབ་བྱས་ཏེ་རྒྱ་མཚོའི་རླུང་འཚུབ་དང་། དྲག་ཆར།ཆུ་ལོག་བཅས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་སྔ་སྣུར་ནས་ཡག་པོ་བྱེད་དགོས།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社