གླེང་གཞི།
དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞིར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། རྒྱལ་ནང་གི་ས་གནས་ཁ་ཤས་གཙོར་བྱས་བོད་ཁུལ་དུའང་ཚགས་པར་འགྲེམས་སྤེལ་གྱི་རླབས་རྒྱུན་འཕྱུར་ཏེ། 《བོད་ལྗོངས་ཕལ་སྐད་གསར་འགྱུར》དང་།《སྦྲང་ཆར》 《རྩེར་སྙེག》 《མཚོ་སྔོན་བོད་ཡིག་གསར་འགྱུར》 《མཚོ་སྔོན་ཁྲིམས་ལུགས་ཚགས་པར》 《གངས་རྒྱན་ན་ཆུང་ཚགས་པར》སོགས་ཚགས་པར་དང་དུས་དེབ་མང་པོ་བྱུང་། རྒྱལ་ཁབ་དང་མི་རིགས་གང་ཞིག་འཕེལ་རྒྱས་སུ་འགྲོ་བར་སློབ་གསོས་གཙོ་ཁྲིད་ཀྱི་ནུས་པ་ཐོན་དགོས་ལ། བྱིས་པ་ནི་མེས་རྒྱལ་དང་མི་རིགས་ཀྱི་རེ་བ་ཡང་ཡིན་པས་བྱིས་པའི་སློབ་གསོ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། 《གངས་རྒྱན་ན་ཆུང་ཚགས་པར》ནི1989ལོའི་ཟླ་6པའི་ཚེས1ནས་སྤེལ་འགོ་ཚུགས་ལ། ཚགས་པར་འདི་ནི་བོད་ཀྱི་ན་ཆུང་ཚགས་པར་གཅིག་པུ་དེ་ཡིན། 《གངས་རྒྱན་ན་ཆུང་ཚགས་པར》གྱི་པར་ངོས་ཇུས་འགོད་དང་། ལེ་ཚན་སྒྲིག་སྟངས་ཐད་བོད་རང་གི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། ནང་དོན་གྱི་ཐད་ནས་ཀྱང་དུས་སྐབས་སོ་སོའི་རྒྱལ་སྤྱིའི་གསར་འགྱུར་དང་། རྒྱལ་ནང་གི་གསར་འགྱུར། བྱིས་པའི་རྩོམ་རིག ཡིག་གཟུགས་དང་རི་མོ་སོགས་གསར་རྩོམ་བརྩམས་ཆོས་མང་པོ་ཡོད་པར་མ་ཟད། ད་དུང་ཕྱི་རྒྱལ་གྱི་རྩོམ་ཡིག་གྲགས་ཅན་དང་ཁྲིམས་ལུགས་ཤེས་བྱ་ངོ་སྤྲོད་སོགས་བྱིས་པའི་བློ་ཁ་དང་འཚམ་པའི་རིགས་སྣ་ཚོགས་ཀྱང་སྤེལ་བཞིན་ཡོད་པས། དེར་དུས་སྐབས་སོ་སོའི་ཆུང་འབྲིང་སློབ་མའི་རྩོམ་ཡིག་གི་ཆུ་ཚད་དང་། རྩོམ་རིག་གི་ལྟ་བ་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ངེས་ཅན་ཞིག་ལྡན་པས་དཔྱད་རྩོམ་འདིར་གུས་མོས《གངས་རྒྱན་ན་ཆུང་ཚགས་པར》གྱི་བྱུང་འཕེལ་དང་གྲུབ་འབྲས་ཐད་རང་གི་བསམ་ཚུལ་རགས་ཙམ་བརྗོད་པར་བྱའོ།།
དང་པོ། རྒྱལ་ནང་གི་ན་ཆུང་ཚགས་པར་གྱི་བྱུང་བ།
<<བྱིས་པའི་ཚགས་པར་ཐོག་མ་དེ་ཧྲའོ་ཞིན་དུ་སྤེལ་དོན་ཅི>>ཞེས་པའི་དཔྱད་རྩོམ་དུ“1930ལོའི་ཟླ6པའི་ཚེས1ཉིན། རང་རྒྱལ་གྱི་ན་ཆུང་ཚགས་པར་ཐོག་མ<<བྱིས་པའི་སྐབས་དོན་ཚགས་པར>>ཞེས་པ་ཀྲེ་ཅང་ཧྲའོ་ཞིན་དུ་སྤེལ། འདི་ནི་ཕྱོགས་བསྡུས་རང་བཞིན་གྱི་ན་ཆུང་ཚགས་པར་ཞིག་ཡིན་ལ། གཟའ་འཁོར་རེའི་གཟའ་ཟླ་བ་དང་སྤེན་པའི་ཉིན་དཔར་ནས་འགྲེམས་སྤེལ་བྱེད་བཞིན་ཡོད། ཚགས་པར་འདི་ནི་སྐབས་དེའི་ཧྲའོ་ཞིན་རྫོང་སློབ་གསོ་ཅུས་ཀྱི་ལྟ་སྐུལ་པ་ཐེན་ཞི་ཨན་གཙོ་བྱས་མ་དངུལ་བཏང་ནས་གསར་དུ་སྒྲུབ་པ་ཞིག་ཡིན”①ཞེས་གསུངས་འདུག ཧྲའོ་ཞིན་ཐོ་ཡན་ཞང་གི་ན་གཞོན་ཕུལ་བྱུང་སློབ་གཙོ་གོ་ཅིས་ལེན་གྱིས་རྩོམ་སྒྲིག་པའི་འགན་ཁུར་བ་དང་། ཚགས་པར་འདི་གཉེར་བའི་དམིགས་ཡུལ་གཙོ་བོ་ནི་སློབ་གསེང་གི་ཀློག་དེབ་མཁོ་འདོན་བྱས་ནས་ན་ཆུང་བྱིས་པར་ཞབས་འདེགས་ཞུ་བ་དང་ཀྲུང་གོ་གསར་པའི་ན་ཆུང་བྱིས་པ་གསོ་སྐྱོང་བྱ་ཆེད་ཡིན་པ་རེད། ཚགས་པར་གྱི་པར་ངོས་དང་པོ་ནི་སྐབས་དོན་ཕྱོགས་བསྡུས་ཡིན་ལ། རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་བྱེད་པར་ཁྲིད་སྟོན་བྱེད་ཅིང་། པར་ངོས་གཉིས་པ་དང་གསུམ་པ་ནི་ཚན་རིག་དང་རིག་རྩལ་སྐོར་ཡིན་པ། པར་ངོས་བཞི་པ་ནི་ཞར་བཀོད་པར་ངོས་ཡིན་པ་རེད། ཚགས་པར་སྟེང་ད་དུང“རང་གི་ར་བ”ཞེས་པ་སོགས་ལེ་ཚན་འགའ་ཤས་ཡོད་ལ་གཙོ་བོ་བྱིས་པའི་ཕུལ་བྱུང་བརྩམས་ཆོས་འགོད་བཞིན་ཡོད། <<བྱིས་པའི་སྐབས་དོན་ཚགས་པར>>ཀྱི་ནང་དོན་གོ་བདེ་ལ་པར་ངོས་གསོན་ཉམས་ལྡན་པ་ཕུད་བཀོད་སྒྲིག་གི་ཐད་ལའང་བྱིས་པའི་ཁྱད་ཆོས་ཆེན་པོ་ལྡན། ཚགས་པར་གྱི་སྤུས་ཚད་མཐོ་རུ་གཏོང་ཆེད། <<བྱིས་པའི་སྐབས་དོན་ཚགས་པར>>གྱི་རྩོམ་སྒྲིག་པས་ཞིང་ཆེན་ཕྱི་ནང་གི་སྐད་གྲགས་ཆེ་བའི་རྩོམ་པ་པོ་གདན་དྲངས་ནས་ཚགས་པར་ལ་བྱིས་སྒྲུང་དང་ལྷུག་རྩོམ་མཁོ་འདོན་བྱེད་དུ་བཅུག་པ་དང་། མཛེས་རྩལ་ཐད་ནས་ཡང་ཧྥེང་ཙི་ཁའེ་དང་ཧོ་ཙུན་དབྱི་སོགས་ལ་རི་མོ་སྣ་ཚོགས་འདོན་སྤྲོད་བྱེད་དུ་བཅུག་པས་ཚགས་པར་གྱི་ཤུགས་རྐྱེན་ཆེས་ཆེར་སོང་ནས་ཀྲེ་ཅང་ཞིང་ཆེན་ཡོངས་སུ་འགྲེམས་སྤེལ་བྱས་པར་མ་ཟད། ཧྥུ་ཅན་དང་། ཅང་སུའུ། ཧྲང་ཧེ་སོགས་ཀྱི་སློབ་གྲྭ་ཆུང་འབྲིང་དུའང་ཕྱིར་ཚོང་བྱེད་ཚད་གྲངས་འབོར་2000ལྷག་ཙམ་ཟིན་ནས་ཞིང་ཆེན་ནང་ཁུལ་དུ་ཕྱིར་ཚོང་བྱེད་ཚད་ཅུང་མང་བའི་ཚགས་པར་གྱི་གྲས་སུ་ཚུད། རྒྱལ་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་པར་མ་ཟད་རྒྱལ་ཁབ་གཞན་པའི་ཕྱིར་སྡོད་རང་མིའི་ཁྲོད་དུའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། <<བྱིས་པའི་སྐབས་དོན་ཚགས་པར>>ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་ན་ཆུང་ཚགས་པར་ཐོག་མ་དེ་ཡིན་པས་ཆ་ནས། ཐེངས་དང་པོར“བྱིས་པའི་གསར་འགྱུར”ཞེས་པའི་གོ་དོན་བཏོན་པར་མ་ཟད། བྱིས་པའི་མཐོང་སྣེ་གཙོ་བོར་བཟུང་ནས་ན་ཆུང་བྱིས་པའི་བློ་ཁ་དང་འཚམ་པའི་སྒོ་ནས་གསར་འགྱུར་བཅོས་སྒྲིག་བྱས་པ་ནི་ཀྲུང་གོའི་ཚགས་པར་ལས་རིགས་སྟེང་ཐེངས་དང་པོ་ཡིན། <<བྱིས་པའི་སྐབས་དོན་ཚགས་པར>>གྱི་གསར་འགྱུར་ལ་རྒྱལ་ནང་གི་གསར་འགྱུར་དང་། རྒྱལ་སྤྱིའི་གསར་འགྱུར། བྱིས་པའི་གསར་འགྱུར་བཅས་རིགས་གསུམ་ལ་བཀར་ཆོག དེ་དག་གཙོ་བོ་པར་ངོས་དང་པོ་དང་གཉིས་པའི་སྟེང་གཅིག་བསྡུས་བྱས་ཡོད་པར་མ་ཟད་གོ་སླ་བའི་དཔྱད་གཏམ་ཐུང་ངུ་རེ་ཡང་བཀོད་ཡོད། བྱིས་པའི་ལྟ་ཀློག་ལ་འཚམ་པའི་ཆེད་དུ། རྒྱལ་ནང་གི་གསར་འགྱུར་དང་རྒྱལ་སྤྱིའི་གསར་འགྱུར་དེ་གཙོ་བོ་རྒྱལ་ཡོངས་རང་བཞིན་གྱི་ཚགས་པར་ཁག་ཅིག་དཔྱད་གཞིར་བཟུང་ཡོད། དེ་མིན་བྱིས་པའི་གསར་འགྱུར་ཀྱི་སྐོར་ཚགས་པར་གཞན་ལས་བཏོན་པ་རྐྱང་རྐྱང་མ་ཡིན་པར་འབྲེལ་ཡོད་དུས་དེབ་སྟེང་ནས་ཀྱང་ཚུར་འགོད་བྱས་ཡོད། གསར་འགྱུར་ཁག་ནི་བྱིས་པའི་བློ་ཁ་དང་འཚམ་ཞིང་གོ་བ་ལེན་བདེ་བ་དང་། ཕལ་སྐད་ཀྱི་ལམ་ནས་གསར་འགྱུར་དོན་རྐྱེན་ཁག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཡོད།
ཚགས་པར་ཧྲའོ་ཞིན་ནས་ལོ་གཅིག་ལ་སྤེལ་རྗེས། 1931ལོའི་ཟླ9པར་ཐེན་ཞི་ཨན་ཧང་ཀྲོའུ་ལ་ལས་གནས་སྤར་བས་ཚགས་པར་ཡང་ཧང་ཀྲོའུ་ནས་པར་སྐྲུན་བྱས་པ་དང་། རང་རྒྱལ་གྱི་སློབ་གསོ་བ་གྲགས་ཅན་ཅིན་ཧན་དབྱི་ཡིས་མཚན་བྱང་ཕྱག་བྲིས་གནང་བ་དང་མཉམ་དུ་མིང་ལ<<ཀྲུང་གོའི་ན་ཆུང་སྐབས་དོན་ཚགས་པར>>ཞེས་སུ་བསྒྱུར། 1937ལོར་ཕྱོགས་ཡོངས་ནས་འཇར་འགོག་བྱས་པ་དང་མཉམ་དུ་ཚགས་པར་རེ་ཞིག་ལ་གཉེར་མཚམས་བཞག 1940ལོར་ཅིན་ཧྭ་ནས་ཡང་བསྐྱར་བཏོན་པ་དང་། སྔོན་མའི་ཉིན་གསུམ་ལ་ཐེངས་གཅིག་སྤེལ་བ་ནས་གནངས་རེ་ཐེངས་གཅིག་སྤེལ་བར་བསྒྱུར། འོན་ཀྱང་དམག་འཁྲུག་མཇུག་རྫོགས་རག་བར་དུ་རྩོམ་སྒྲིག་ཁང་ནི་གཏན་འཇགས་ཀྱི་རྣམ་པ་ཞིག་མིན་པར་གནས་གང་སར་འཁྱམ་པའི་ཚུལ་དུ་གྱུར། 1949ལོའི་ཟླ་5པར་ཧང་ཀྲོའུ་བཅིངས་འགྲོལ་བཏང་བ་དང་ཚགས་པར་ཡང་སྤེལ་མཚམས་བཞག ན་ཆུང་ཚགས་པར་ཐོག་མ་དེ་སྔ་རྗེས་སུ་ལོ19རིང་འགྲེམས་སྤེལ་བྱས།
གཉིས་པ།<<གངས་རྒྱན་ན་ཆུང་ཚགས་པར>>སྤྱིར་བཤད་པ།
གཅིག ན་ཆུང་ཞེས་པའི་གོ་དོན།
དེ་ཡང་ན་ཆུང་ཞེས་པར<<ཕ་མ་རང་ཉིད་ཀྱི་འཚར་ལོངས་དང་བྱིས་པའི་སློབ་གསོའི་སྐོར་ལ་དཔྱད་པ>>ནང“1989ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན<<བྱིས་པའི་ཁེ་དབང་སྤྱི་ཆིངས>>ཐོག་ན་ཆུང་ཞེས་པའི་མཚན་ཉིད་ལ་གྲོས་འཆམ་བྱུང་ཞིང་། 1992ལོའི་ཟླ4པའི་ཚེས1ཉིན་རྒྱལ་ནང་དུའང་དེ་ལྟར་ངོས་འཛིན་གནང་། <<བྱིས་པའི་ཁེ་དབང་སྤྱི་ཆིངས>>ལྟར་ན། ཕྲུ་གུ་བཙས་པ་ནས་ལོ་བཅོ་བརྒྱད་བར་ལ་བྱིས་པ་ཟེར”②ཞེས་གསུངས། འོན་ཀྱང་གསོ་རིག་དང་བཅའ་ཁྲིམས་ཀྱི་ཡིག་ཆ་ཁ་ཤས་ནང་བྱིས་པའི་ཁྱབ་ཁོངས་ནི་ལོ14མན་ཆད་ལ་གཏན་འཁེལ་བྱས་པའང་ཡོད། བྱིས་པའི་ལོ་ཚོད་ནི་སྤྱི་ཚོགས་རིག་གནས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་དབྱེ་སྟངས་མི་འདྲ་བ་སྣ་ཚོགས་ཡོད་དེ། དཔེར་ན། ཐོས་ཡངས་ཀྱི་དཔྱད་རྩོམ<<ཕྱི་རྒྱལ་གྱི་སློབ་གསོ་བ་གྲགས་ཅན་ཕི་ཡ་ཅེ་དང་ཁོང་གི་སློབ་གསོའི་བསམ་བློ>>ཞེས་པའི་ནང“མཚན་ཉིད་འཇོག་སྟངས་ལ་ཁ་ཤས་ཀྱིས་ཁྱེའུ་དུས་ནི་ལོ་0-1 དང་། བྱིས་པའི་དུས་ནི་ལོ་1-3 སློབ་ལོ་མ་སོན་གོང་གི་ལོ་ནི་ 3-6དང་། སློབ་ལོ་རན་པའི་དུས་ནི་6-14སོགས་བཀར་ཡོད”③པ་ལྟ་བུའོ།།སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བར་བྱིས་པའི་སྐྱེ་ལུགས་དང་སེམས་ཁམས་ཀྱི་ཁྱས་ཆོས་སོགས་ལ་བསྟུན་ནས་བྱིས་པའི་ལོ་ཚོད་ཀྱི་དབྱེ་སྟངས་ཀྱང་མི་འདྲ་བ་མང་པོ་ཡོད།
གཉིས། 《གངས་རྒྱན་ན་ཆུང་ཚགས་པར》གྱི་བྱུང་བ།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་རྗེས་སུ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཚགས་པར་དང་རྩོམ་རིག་གསར་པ་སོགས་དར་པ་དང་། ན་གཞོན་ནི་རིག་གནས་ཀྱི་རྐང་འཛིན་མཁན་དང་མ་འོངས་བའི་རེ་བ་ཡིན། ན་གཞོན་ཤེས་ལྡན་པ་གསོ་སྐྱོང་དང་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། སྔར་བྱུང་གི་རྒྱལ་ཁབ་ཕྱི་ནང་གི་ཚགས་པར་སོགས་ལ་ལྟ་ཞིབ་དང་ཞིབ་འཇུག་བྱས་ཏེ་ལེགས་ཆ་བསྡུ་ལེན་དང་སློབ་སྦྱོང་བྱས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བློ་ཁ་དང་འཚམ་པའི་ཤེས་བྱ་ངོ་སྤྲོད་བྱ་རྒྱུ་གཙོ་བོར་བཟུང་ནས<<གངས་རྒྱན་ན་ཆུང་ཚགས་པར>>སྤེལ་བ་རེད། རྒྱལ་ནང་གི་ན་ཆུང་ཚགས་པར་དང་བསྡུར་ན་བོད་དུ་ན་ཆུང་ཚགས་པར་བྱུང་བ་ཅུང་འཕྱི་ལ། ཚགས་པར་གྱི་ནང་དོན་དང་། བརྗོད་བྱ། རྣམ་གྲངས། ན་ཆུང་བྱིས་པར་ཁ་གཏད་ཚད། གཙོ་སྒྲུབ་མི་སྣའི་དཔུང་ཁག་གི་འཛུགས་སྐྱོང་བཅས་ཀྱང་གཞན་དང་བསྡུར་ན་ཅུང་རྗེས་ལུས་གྱི་རྣམ་པ་གྲུབ་འདུག
དགེ་རྒན་ཆེན་མོ་ཀྲའོ་ཏེ་ཚང་གི<<ཀྲུང་གོའི་བོད་ཡིག་ཚགས་པར་འཕེལ་འགྱུར་གྱི་ལོ་རྒྱུས>>ཞེས་པའི་དེབ་དེའི་ནང་དུ“གངས་རྒྱན་ན་ཆུང་ཚགས་པར་ནི་1989ལོའི་ཟླ་6པའི་ཚེས1ཉིན་འགྲེམ་སྤེལ་བྱས་པ་ཡིན་ལ། བོད་ཡིག་གི་ལམ་ནས་བཏོན་པའི་ན་ཆུང་ཚགས་པར་ཐོག་མ་དེ་ཡིན། སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕུའུ་ཁྲུའུ་རྣམ་གཉིས་ཀྱིས་རྒྱ་བོད་ཡི་གེའི་ལམ་ནས་ཚགས་པར་ཀྱི་མཚན་བྱང་ཕྱག་བྲིས་གནང་སྟེ་ཐུགས་བརྩེ་དང་སྐུལ་མ་གནང་། ཟླ་རེའི་ཚེས1ཉིན་དང་། ཚེས10ཉིན། ཚེས20བཅས་ལོ་རེར་ཐེངས་37འདོན་སྤེལ་བྱས་ནས་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གཙོར་བྱས་བོད་ཁམས་ཡོངས་སུ་འགྲེམས་སྤེལ་བྱེད་བཞིན་ཡོད”④ཅེས་བཀོད་ཡོད་ལ། ཚགས་པར་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་རྩ་དོན་དུ་བཟུང་ནས། སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་། ཕྱོགས་ཡོངས་ནས་ལོ་ཆུང་བྱིས་པ་རྣམས་ཀྱི་བསམ་བློ་ཀུན་སྤྱོད་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ། ཏང་དང་མེས་རྒྱལ་ལ་དགའ་བ་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་བ། མི་དམངས་ལ་དགའ་བ་བཅས་སྤྱོད་ཡོན་གཉིས་ལྡན་གྱི་བོད་རིགས་ལོ་ཆུང་བྱིས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན། དེ་ནི་ལྗོངས་ཞིང་ལྔའི་ལོ་ཆུང་བྱིས་པ་དག་གི་རྩོམ་རིག་དང་། ཡིག་གཟུགས། རི་མོ་སོགས་རང་གི་ཆུ་ཚད་མངོན་སའི་གར་སྟེགས་གལ་ཆེན་ཤིག་ཏུ་གྱུར་ཡོད། ཚགས་པར་དེ་ནི་སློབ་མ་རྣམས་ཀྱི་དགེ་རྒན་དང་། དགེ་རྒན་རྣམས་ཀྱི་གྲོགས་པོ། ཕ་མ་ཚོའི་རམ་འདེགས་པ་ལྟ་བུའི་བོད་ཁམས་ཀྱི་བྱིས་པར་ཁ་གཏད་པའི་ཚགས་པར་ཐོག་མ་ཡིན་ཞིང་། བྱིས་པ་ཚོའི་སེམས་ཁོངས་ན་འཚེར་བའི་སྐར་མ་འོད་ཆེན་ཞིག་དང་གཉིས་སུ་མེད།
གསུམ་པ། 《གངས་རྒྱན་ན་ཆུང་ཚགས་པར》གྱི་འཕེལ་འགྱུར་དང་གྲུབ་འབྲས།
དུས་སྐབས་རིང་པོ་ཞིག་ལ། <<གངས་རྒྱན་ན་ཆུང་ཚགས་པར>>གྱིས་ཀྱང་ཚགས་པར་གཞན་དང་འདྲ་བར་ཤོག་པར་འབའ་ཞིག་གི་སྤེལ་ཐབས་དང་དུ་བླངས་ནས་ཡོང་ན་ཡང་། སྨྱན་སྦྱོར་གསར་པའི་ལས་རིགས་སྣ་ཚོགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་བའི་སྐབས་འདིར། མི་རྣམས་ཀྱི་དཔེ་ཀློག་གི་འདུན་པ་དང་འཚོ་བའི་གོམས་གཤིས་ལ་ཡང་ཤུགས་རྐྱེན་ཐེབས་མུས་སུ་མཆིས། <<གངས་རྒྱན་ན་ཚགས་པར>>གྱིས་ཀྱང་བགྲང་བྱ་སུམ་ཅུ་ལྷག་གི་ཀྱག་ཀྱོག་གི་མདུན་བསྐྱོད་ཁྲོད་དུས་རབས་དང་འཚམ་ལ་ཚན་རིག་དང་མཐུན་པའི་སྒྱུར་བཅོས་མང་པོ་བཏང་འདུག་པས། 《གངས་རྒྱན་ན་ཆུང་ཚགས་པར》གྱི་འཕེལ་འགྱུར་སྐོར་ནས་ཅུང་ཟད་བཤད་པར་བྱ།
གཅིག གཙོ་སྒྲུབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་སྐོར།
ན་ཆུང་བྱིས་པའི་བློ་ཁ་དང་འཚམ་པའི་ཚགས་པར་ཞིག་གསར་སྤེལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་གསར་འགྱུར་ཅུས་སོགས་ཀྱིས་ཐུགས་ཁུར་ཆེན་པོ་གནང་ཞིང་། གླགས་དེ་དང་བསྟུན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཁྱབ་ཆེན་པོའི་སྒོ་ནས་ལས་རིགས་སོ་སོའི་མི་སྣའི་བསམ་འཆར་བསྡུ་ལེན་བྱས་ཏེ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཚན་ཁག་གི་གཙོ་སྒྲིག་པ་སྟེ་ཚེ་འདས་སྐུ་ཞབས་གྲགས་པ་རྒྱ་མཚོའི་གཙོ་སྒྲུབ་འོག《གངས་རྒྱན་ན་ཆུང་ཚགས་པར》ཐོག་མར་གཉེར་བ་རེད། རིམ་པ་བཞིན་གཙོ་སྒྲིག་པ་གཉིས་པ་སྐུ་ཞབས་སངས་རྒྱས་དང་སྐལ་བཟང་ལྷ་མོ། གཙོ་སྒྲིག་པ་གསུམ་པ་སྐུ་ཞབས་རྟ་མགྲིན་སྐྱབས། གཙོ་སྒྲིག་པ་བཞི་པ་ཚེ་འདས་སྐུ་ཞབས་ནག་པོ་སྐལ་བཟང་། རྩོམ་སྒྲིག་པ་ཚེ་འདས་སྐུ་ཞབས་ལྕགས་བྱམས་སོགས་ཀྱི་གཙོ་སྐྱོང་འོག 《གངས་རྒྱན་ན་ཆུང་ཚགས་པར》ལ་འཕེལ་བྱེད་ཀྱི་རྒྱུ་དང་རྒྱས་བྱེད་ཀྱི་རྐྱེན་བཅས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཡན་ལག་དང་བཅས་རྨང་ལེགས་པོར་བཏང་སྟེ། ད་ལྟའི་བར་འཕེལ་རྒྱས་སུ་ཕྱིན། 2005ལོ་ནས་བཟུང་ཚགས་པར་ཁང་གིས་སློབ་མའི་སློབ་སྦྱོང་དང་འཚོ་བ་ལ་ཉེ་བར་འབྲེལ་ཆེད་གསར་འགྱུར་འགོད་མཁན་གྱི་དཔུང་ཁག་རྒྱ་ཆེ་རུ་བཏང་བ་སྟེ། སློབ་གསོའི་བྱ་གཞག་ལ་དགའ་ཞིང་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་འཕྲིན་སྐྱེལ་པའི་དཔུང་སྡེ་ཁག་ཅིག་གསོ་སྐྱོང་བྱས་ཡོད། དེ་མ་ཟད་བོད་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་དང་མཐོ་རིམ་སློབ་གྲྭའི་སློབ་གསོ་སྡེ་ཁག་ཏུ་ཁྱབ་ཡོད་པ་དང་། དེའི་ནང་ནས་གསར་འགྱུར་འགོད་མཁན་མང་པོ་ཞིག་ནི་སློབ་གྲྭ་སོ་སོའི་རྐང་འཛིན་དགེ་རྒན་དང་རིག་གཞུང་ཚན་ཁག་གི་མཁས་ཅན་ཡིན། 2010ལོར་མི70ལྷག་ལ་སླེབས་པ་རེད། ལེ་ཚན་དང་པར་ངོས་ལ་ཞིབ་ཕྲའི་ཆེད་ལས་མི་སྣ་དགར་ནས་པར་ངོས་ཇུས་འགོད་དང་རྩོམ་སྒྲིག་གི་སྤུས་ཚད་མཐོ་རུ་བཏང་སྟེ་ཚགས་པར་གྱི་འགྲེམས་གྲངས་དེ་ཡང་ཐོག་མའི་དུས་སྐབས་ཀྱི་བརྒྱ་ཕྲག་ཁ་ཤས་ནས་དེང་གི་ཁྲི་གཅིག་ཡས་མས་སུ་འཕར།སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་གཙོ་སྒྲུབ་པའི་དཔུང་སྡེ་ཡང་རྒྱ་བསྐྱེད་ཅིང་ཆེད་ལས་རང་བཞིན་གྱི་མི་སྣ་གསོ་སྐྱོང་བྱས་ཏེ། གཙོ་སྒྲིག་པ་དང་། གཙོ་སྒྲིག་པ་གཞོན་པ། པར་ངོས་རྩོམ་སྒྲིག་པ། མཛེས་རིས་བཀོད་སྒྲིག་པ་སོགས་ཆེད་ལས་རང་བཞིན་གྱི་དཔུང་སྡེ་འཛུགས་སྐྲུན་བྱས་ཡོད།
གཉིས། འགྲེམ་སྤེལ་གྱི་ཐབས་ལམ་སྣ་མང་ཅན་དུ་བཏང་བ།
ཆ་འཕྲིན་ལག་རྩལ་འཕེལ་རྒྱས་དང་དྲ་རྒྱ་ཁྱབ་གདལ་དུ་སོང་བ་དང་བསྟུན། མི་རྣམས་ཀྱིས་ཆ་འཕྲིན་རྒྱུས་ལོན་བྱེད་པའི་གོམས་སྲོལ་དང་ཐབས་ལམ་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གངས་རྒྱན་ན་ཆུང་རྩོམ་སྒྲིག་ཁང་གིས་འབད་བརྩོན་ཧུར་ཐག་དང་རང་ནུས་ལྕོག་ཚོད་ཀྱིས་སྤྱི་ཚོགས་མ་དངུལ་བསྡུས་ཏེ། བོད་ཁུལ་ཡོངས་ལ་ཁ་གཏད་ནས་བརྗོད་བྱ་སྣ་ཚོགས་ཀྱི་རྩོམ་ཡིག་བསྡུ་བ་དང་། ཤེས་བྱ་འགྲན་སྡུར་དང་། ཡིག་གཟུགས་འགྲན་སྡུར། དེ་མིན་དབྱར་ཁའི་སྤྲོ་གསེང་བྱ་འགུལ་སོགས་སྤེལ་དང་སྤེལ་བཞིན་ཡོད་ཅིང་། ཐེངས་རེའི་འགྲན་སྡུར་ལས་བརྩམས་ཆོས་ལེགས་ཤོས་དག་ཚགས་པར་སྟེང་བཀོད་པ་དེས་སློབ་མ་རྣམས་ལ་སྐུལ་སློང་གི་ནུས་པ་མི་དམན་པ་ཞིག་ཐེབས་བཞིན་ཡོད་ལ། ཚགས་པར་བརྒྱུད་སྒྲོག་ཐད་ལ་ཡང་ནུས་པ་ཆེན་པོ་ཐོན་ཡོད། ཚགས་པར་རྩོམ་སྒྲིག་ཁང་གིས་ཚགས་པར་སྣ་ཚོགས་པར་དུ་བསྐྲུན་པ་དང་མཉམ་དུ་འབྲེལ་ཡོད་དེབ་ཀྱང་སྣ་ཚོགས་ཤིག་པར་སྐྲུན་འགྲེམ་སྤེལ་བྱས་འདུག དཔེར་ན། 1994ལོར《གངས་རྒྱན་ན་ཆུང་ཚགས་པར》གསར་སྤེལ་བྱས་ནས་ལོ་འཁོར་ལྔ་འཁོར་བར《གངས་རྒྱན་ན་ཆུང་ཤེས་བྱའི་རོལ་མཚོ》ཞེས་པའི་དེབ་བརྒྱད་ཅན་གྱི་དཔེ་ཚོགས་ཤིག་པར་དུ་བསྐྲུན་པ་དང་། 2005ལོར་སློབ་མའི་སྦྱངས་རྩོམ་ལས་རྩོམ་ཡིག་ལེགས་ཤོས་བདམས་ནས《ཆུང་འབྲིང་སློབ་མའི་སྦྱངས་རྩོམ་མེ་ཏོག་ཆུན་པོ》ཞེས་པ་པར་དུ་བསྐྲུན། 2011ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ལུགས་སྒྱུར་བྱས་པ་ནས་བཟུང་། རྒྱལ་ཁབ་ཀྱི་ལས་གཞིར་ཚུད་པའི་དཔེ་ཕྲེང་མང་པོ་འགྲེམས་སྤེལ་བྱས་པ་སྟེ། དཔེར་ན། 《བོད་ཀྱི་ན་ཆུང་ཤེས་བྱའི་དཔེ་མཛོད》དེབ་དྲུག་ཅུ་དང་། 《ཤེས་བྱ་དྲིས་བརྒྱ་བ》དེབ་སོ་ལྔ། 《བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང》དེབ་སུམ་ཅུ།《ཚོན་རིས་ཀྲུང་གོའི་ལོ་རྒྱུས་བོད་འགྱུར་མ》དེབ་ཞེ་བརྒྱད། 《རྒྱ་བོད་ཤན་སྦྱར་ཤེས་བྱའི་བློ་འབྱེད་དེབ་ཕྲེང》དེབ་ཉི་ཤུ། པར་དཔང་ཧིན་རྡུ་ནས་བླངས་པའི《གཅེས་ཕྲུག་གི་འཇིག་རྟེན་བོད་འགྱུར་མ》དེབ་ཞེ་བརྒྱད། 2003ལོར《ཀྲུང་གོའི་གནའ་རབས་རྩོམ་རིག་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས》ཞེས་པའི་དེབ་ཕྲེང་བཅུ་གྲངས་ལྷག་པར་སྐྲུན་འགྲེམ་སྤེལ་བྱས། གཞན་ད་དུང་སློབ་མ་རྣམས་ལ་སྟབས་བདེ་བསྐྲུན་ཆེད་གངས་རྒྱན་ན་ཆུང་ཚགས་པར་ཁང་གིས《དབྱར་ཁའི་གུང་གསེང་བསྡུས་དེབ》དང《དགུན་ཁའི་གུང་གསེང་བསྡུས་དེབ》ཅེས་པ་པར་དུ་སྐྲུན་བཞིན་ཡོད། དེ་རྣམས་ཀྱིས་ལོ་ངོ་སུམ་ཅུའི་ཡར་སྔོན་དུ་བོད་ཁུལ་གྱི་རིག་གནས་སློབ་གསོ་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་རྣམ་པ་ལེགས་བསྒྱུར་དང་སློབ་ཕྱིའི་ཀློག་དེབ་དཀོན་པའི་སྟོང་ཆ་བསྐངས་ཡོད། སྨྱན་སྦྱོར་གསར་པའི་འཕེལ་རྒྱས་དང་བསྟུན་ཏེ། 《གངས་རྒྱན་ན་ཆུང་ཚགས་པར》གྱིས་འགྲན་བསྡུར་དང་། དཔེ་ཚོགས་བཟོ་བ། སྤྱི་སྟེགས། དྲ་ཚུགས་གཉེར་བ་བཅས་བྱས་ཏེ་བརྒྱུད་སྒྲོག་གི་བྱ་ཐབས་སྣ་མང་ཅན་ཏུ་བཏང་ཡོད། དཔེར་ན། 《གངས་རྒྱན་ན་ཆུང་ཚགས་པར》གྱི་སྤྱི་སྟེགས་སྟེང་ཀློག་པ་པོ་ཡོངས་ལ་ཚགས་པར་གྱི་ནང་དོན་ཁག་ལྟ་བདེ་བར་བཟོས་ཡོད།
མདོར་ན་བྱིས་པ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པ་ཡིན་ལ། སློབ་གསོ་ནི་ཡོད་ཚད་ཀྱི་རྨང་གཞི་ཡིན། 《གངས་རྒྱན་ན་ཆུང་ཚགས་པར》གྱིས་ཀྱང་ཐོག་མཐའ་བར་གསུམ་དུ་ཡོད་ཚད་བྱིས་པའི་ཆེད་དུ་ཞེས་པའི་སྤྱིའི་མཛུབ་སྟོན་གྱི་དགོངས་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་སྲིད་གཞུང་གིས་བཏོན་པའི་གྲངས་ཉུང་མི་རིགས་ཀྱི་ལོ་ཆུང་བྱིས་པར་སློབ་གསོ་དང་ཀུན་སྤྱོད། ཤེས་རིག ལུས་རྩལ། མཛེས་རིག་བཅས་ཕྱོགས་ཡོངས་ནས་གོང་དུ་སྤེལ་བའི་སློབ་གསོའི་བྱེད་ཕྱོགས་ལ་གཞོགས་འདེགས་དམ་ཟབ་བྱས་པར་མ་ཟད། ཕུན་སུམ་ཚོགས་པའི་ནང་དོན་དང་རྣམ་པའི་ཐོག་ནས་བོད་རིགས་ཀྱི་ན་ཆུང་བྱིས་པར་ཆབ་སྲིད་དང་། ཚན་རིག་རིག་གནས་ཐད་ཀྱི་ཤེས་བྱའི་སྟོང་ཆ་བསྐངས་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་གསར་གཏོད་བྱས་ནས་རྩོམ་སྒྲིག་ཇུས་འགོད་ཀྱི་ཆ་དང་། ཚོན་མདངས་སྡེབ་སྒྲིག་གི་ཆ་སོཊ་ནས་ན་ཆུང་བྱིས་པའི་བློ་ཁ་དང་འཚམ་པའི་ཚགས་པར་ཞིག་སྤེལ་ཆེད་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད།
དཔྱད་གཞིའི་ཡིག་རིགས།
① 苗欣 钱峰.中国首张儿童报缘何办在绍兴 [J]新闻实践 2012.5
② “父母自身成长”定义儿童教育格局[J].父母世界,2018(9):119-119.
③ ཐོས་ཡངས། ཕྱི་རྒྱལ་གྱི་སློབ་གསོ་བ་གྲགས་ཅན་ཕི་ཡ་ཅེ་དང་ཁོང་གི་སློབ་གསོའི་བསམ་བློ།[J] བོད་ལྗོངས་སློབ་གསོ། ༢༠༢༠ལོའི་དུས་དེབ་གསུམ་པ། ཤ༡༩
④ 周德仓.中国藏文报刊发展史[M] 中国社会科学出版社 2010年10月第1版
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社