分享按钮

ཨ་ ཕ།

གཡུ་སྒྲོན། བོད་ལྗོངས་སློབ་ཆེན།

ཨ་ཕ་ཞེས་པའི་ཡིག་འབྲུ་འདི་གཉིས་ནི།

ངའི་སེམས་ཀྱི་ན་ཟུག་ཡིན་ལ། སྡུག་གི་ཁུར་པོ་ཡང་ཡིན།

ཨ་ཕ་ཞེས་པའི་མིང་བྱང་འདི་གཉིས་ནི།

ངའི་ཡིད་ཀྱི་རྟེན་ཤིང་ཡིན་ལ། སེམས་ཀྱི་དྲོད་ཁོལ་ཡང་ཡིན།

ཨ་ཕ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱིས།

ངའི་འགྲོ་འདུག་སྤྱོད་གསུམ་གྱི་རྒྱབ་ལྗོངས་བྱས་མྱོང་ལ།

འདས་མ་ད་གསུམ་གྱི་ཕུགས་འདུན་དུ་ལྟེམས་མྱོང་།

ཨ་ཕ་ལགས་ཁྱོད་ཀྱི་སྟོང་ཆ་དེས།

ཨ་མ་ཞིག་གི་ཕྲག་ལ་འོས་འགན་གཞན་ཞིག་བསྩལ་སོང་ལ།

གཞིས་ཁྱིམ་ཞིག་གི་བདེ་སྡུག་ལ་ཁ་དོག་གཞན་ཞིག་སྦྱིན་སོང་།

ད་དུང་བུ་མོ་ཞིག་གི་རྨི་ལམ་ལ་དྲན་གདུང་གི་རྨ་ཁ་བཞག་སོང་།

བཤད་མི་ཤེས་པའི་ན་ཟུག་མཐུག་པོ་ཞིག

བཞུར་མི་ཚར་བའི་མིག་ཆུ་སྐྱུར་མོ་ཞིག

ངའི་གློ་སྙིང་གི་བར་གསེང་ནས་འགོག་མེད་དུ་ལྟེམས་ཡོང་དུས།

ཁྱོད་ནི་ངའི་སུ་ལ་ཡང་གླེང་མི་འདོད་པའི་སེམས་ཀྱི་གསང་བ་དེ་ཡིན་ལ།

གང་ལ་ཡང་ཤེས་སུ་འཇུག་མི་འདོད་པའི་ཕུགས་འདུན་གྱི་གཞི་མ་དེ་ཡིན།

ཨ་ཕ་ལགས།དྲན་གདུང་གིས་སྦྱིན་པའི་ན་ཟུག་དག

ཐོར་རླུང་གིས་འཇབ་རྒོལ་ཐེབས་པའི་གྱང་ཆག་ཞིག་རོ་ཞིག་དང་འདྲ་བར།

ལོ་ཟླའི་བཞུར་རྒྱུན་དང་འགྲོགས་ནས།

ས་ཆེན་གྱི་པང་བར་འཐིམས་འགྲོ་སྙམ་མོད།

ཟླ་བ་ཡར་ངོ་ཇི་བཞིན་ཇེ་གསལ་ནས་ཇེ་གསལ་དུ་འགྱུར་འགྲོ་བ་སུ་ཡིས་རྟོགས།

ལས་དབང་གི་བགོ་སྐལ་བཙན་པོའི་མཐུ་འོག་ནས།

ཁྱོད་ནི་ངའི་ཚེ་འདིར་ཐོབ་ཐབས་བྲལ་བའི་སེམས་ཀྱི་བདེན་པ་དེ་ཡིན་སྲིད་ཀྱང་།

ནང་སེམས་ཀྱི་སྟོང་ཆ་དེ་དག་བསྐང་ཆེད།

ཡིད་འོང་གི་སྣང་བརྙན་ཞིག་བསྐྲུན་ནས་སེམས་ཀྱི་ཟབ་ས་རུ་ཉར་ཡོད།

སེམས་པ་ལ་གས་ཆག་ཤོར་ཏེ།

རྨ་ཁ་ནས་རྣག་ཆུ་འཐིགས་ཚར་དུས།

ལོ་ཟླའི་རྒྱུན་དང་བསྡེབས་ནས་ཇེ་ལྕི་ནས་ཇེ་ལྕིར་གྱུར་བའི།

སེམས་ཀྱི་འཁྲིས་པོ་དེ་ཡང་སྙིང་ནད་དུ་གྱུར་འདུག

དེ་དུས།ཨ་ཕ་ལགས།

ངའི་དྲན་གདུང་མཐའ་དག་ཁྱོད་ཀྱིས་ང་ལ་གནང་བའི་ཚེ་སྲོག་གི་རྒྱུན་ཐག་དུ་བསྒོམས་ནས།

དུས་ད་ལྟའི་བར་དུ་མདུན་སྐྱོད་ཀྱི་དཔའ་གདེང་ཉམས་མ་མྱོང་།

ཨ་ཕ་ལགས།ངའི་དྲན་གདུང་ཡོད་ཚད་ཁྱོད་ཀྱིས་ང་ལ་སྦྱིན་པའི་ཚེ་ནོམ་དུ་བསམས་ནས།

དུས་ནམ་ཡིན་ཡང་ཕུགས་འདུན་ཀྱི་གཞི་ཁྱིམ་དེ་གཏོར་མི་སྲིད།

ཨ་ཕ་ལགས། ཁྱོད་ནི་ལོ་ངོ་ཉི་ཤུ་ལྷག་ལ།

ང་དང་བྲལ་མ་མྱོང་བའི་སྙིང་གི་འཕར་ལྡིང་དེ་ཡིན།

ཡང་སྐར་ཆ་གཅིག་ལ་ཡང་།

རེག་ཐབས་མེད་པའི་ལྐོག་གྱུར་གྱི་འཇིག་རྟེན་དེ་ཡིན།

ཨ་ཕ་ཞེས་པའི་མིང་སྟོང་འདི་སེམས་ཀྱིས་ཉར་ནས།

དྲན་གདུང་ཟེར་བའི་ན་ཟུག་ལྕི་མོ་འདི་རྒྱབ་ལ་ཁུར་ནས།

ལོ་ཟླ་རིམ་གྱིས་ཟགས་དུས།

ངས་ལོ་ཟླའི་བྲག་རི་ལ་ལྟེབ་གཉེར་ཆགས་ཡོད་པ་མཐོང་ཡང་།

ཁྱོད་ཉིད་ཕྱིར་ཡོང་གི་གོམ་སྒྲ་མ་ཐོས།

དེ་བས་ད་ནི་དྲན་གདུང་ལ་སེམས་པ་གླན་བཞིན།

རེ་སྒུག་ལ་གྱེས་བརྡ་གཏོང་བཞིན།

ལམ་ལ་མི་ཆས་ཐབས་མེད་རེད།

འབྱུང་འགྱུར་དང་འཚོ་བའི་ཆེད་དུ།

ཨ་མ་དང་ང་རང་ཉིད་ཀྱི་དོན་དུ།

ཁྱོད་དང་འབྲེལ་ཡོད་ཀྱི་དྲན་པ་མཐའ་དག་ནང་སེམས་ཀྱི་ཟབ་ས་ཅིག་ཏུ་སྦས་ནས་ལམ་ལ་ཆས་དགོས་བྱུང་སོང་།

ཨ་ཕ་ལགས།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-08 གཡུ་སྒྲོན། བོད་ལྗོངས་སློབ་ཆེན། 6 6 拉萨日报藏文 c184036.html 1 ཨ་ ཕ། /enpproperty-->