ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་མི་པ་སངས་དང་སྤེན་པ་ལྷ་མོ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་ཡན་ལག་རུ་ཁག་ཏུ་ཕེབས་ནས་གཞན་ཕན་ལྷག་བསམ་བཅངས་ནས་རོགས་རམ་གནང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བཞིན་སྲོལ་གསར་བཏོད་ཅེས་པའི་གོས་དར་དེ་ཡན་ལག་རུ་ཁག་དེའི་འགན་འཁུར་བ་ལྷག་པ་ཚེ་རིང་ལ་ཕུལ་ནས་ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་དམངས་ཀྱི་དོན་གཉེར་བྱེད་པའི་བྱ་བ་ཧུར་ཐག་བསྒྲུབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
པ་སངས་ཀྱིས་2019ལོར་ཁོང་དང་སྤེན་པ་ལྷ་མོ་དང་། སྒྲོལ་མ། ཆོས་སྒྲོན།བསྟན་འཛིན་སོགས་ལྷ་སའི་གཙང་སྦྲ་ཀུང་སི་ཞིག་གི་ནང་ཞུགས་རྗེས་ཀུང་སིས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཀུང་སི་ཞིག་ཏུ་མངགས་ནས་གཞུང་ལས་ཐོག་ཁང་གི་གཙང་སྦྲའི་ཞབས་ཞུ་དང་། བདེ་སྲུང་ཞབས་ཞུ། འཕྲུལ་སྒུལ་འཁོར་རིགས་གཏོང་བ་སོགས་ལས་གནས་མི་འདྲ་བའི་ལས་ཀ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། 2022ལོར་ནད་ཕོག་ནས་སྨན་ཁང་དུ་བསྡད་པའི་པ་སངས་ལ་ལས་དོན་པས་ཁོང་གིས་སྨན་བཅོས་འགན་བཅོལ་མ་སྤྲད་པས་སྨན་བཅོས་རྩིས་ཞུ་བྱེད་ཐབས་བྲལ་ཞིང་། རྒྱུ་མཚན་ནི་ཀུང་སིས་ཁོང་དང་སྤེན་པ་ལྷ་མོ། སྒྲོན་མ་སོགས་ལ་སྨན་བཅོས་འགན་བཅོལ་མ་སྤྲད་པས་རེད་ཅེས་བཤད།
གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཁག་གིས་གནས་ཚུལ་དེ་ཤེས་རྗེས། མགྱོགས་མྱུར་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད། ལྷ་སའི་གཙང་སྦྲ་ཀུང་སི་ཞིག་ལ་ཁྲིམས་འགལ་གྱི་ལས་མི་སྤྱོད་པའི་བྱ་སྤྱོད་ཡོད་པ་དང་།ཀུང་སི་དེས་ངལ་ལས་མངགས་གཏོང་ལག་ཁྱེར་རྫུན་མ་སྤྱད་དེ་པ་སངས་སོགས་མི་14སྟོད་ལུང་བདེ་ཆེན་ཆུས་ཀྱི་ཀུང་སི་ག་གེ་མོ་སོགས་ཚན་པར་ལས་ཀ་བྱེད་པར་མངགས་གཏོང་བྱས་པ་དང་། 2019ལོའི་ཟླ་12པ་ནས་2020ལོའི་ཟླ་11པའི་བར་མི་སྤྱོད་མཁན་ཚན་པས་མངགས་གཏོང་གན་རྒྱའི་ཁ་ཆད་ལྟར་མངགས་གཏོང་བྱེད་མཁན་ལྷ་སའི་གཙང་སྦྲ་ཀུང་སིར་ཟླ་རེ་བཞིན་གླ་ཕོགས་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲད་ཡོད་མོད། འོན་ཀྱང་གཙང་སྦྲ་ཀུང་སི་དེས་ལས་མིར་སྤྱི་ཚོགས་འགན་བཅོལ་སོགས་སྤྲད་མེད་པ་རེད། དེར་བརྟེན་པ་སངས་སོགས་ལས་མི་14ཡིས་ངལ་རྩོལ་ལྟ་ཞིབ་ཡན་ལག་རུ་ཁག་ལ་གཙང་སྦྲ་ཀུང་སིར་མཐུན་སྦྱོར་བྱས་ནས་སྤྱི་ཚོགས་འགན་བཅོལ་གསབ་འཇལ་བྱ་རྒྱུའི་རེ་བ་བཏོན་པ་རེད།
གཙང་སྦྲ་ཀུང་སིའི་འགན་འཁུར་བས་ཐོག་མཐའ་བར་གསུམ་དུ་གཞོགས་འདེགས་མ་བྱས་པས་གནད་དོན་ཡུན་རིང་འགོར་ནས་ཐག་མ་ཆོད་པར་གྱུར། ཉེ་ཆར། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་ཡན་ལག་རུ་ཁག་གི་འགན་འཁུར་བ་ལྷག་པ་ཚེ་རིང་གིས་ཕྱོགས་མང་པོའི་ཐད་མཐུན་སྦྱོར་བྱས་ནས་ངལ་རྩོལ་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་བརྒྱུད་མཐར་པ་སངས་སོགས་མི་14ལ་སྤྱི་ཚོགས་འགན་བཅོལ་སྒོར་ཁྲི་7ལྷག་ཙམ་དང་དུས་འགྱངས་དངུལ་ཆད་སྒོར་ཁྲི་7ལྷག་ཙམ་སོགས་འབྲེལ་ཡོད་གྲོན་དངུལ་ཁ་གསབ་བྱས་པ་རེད།
པ་སངས་ཀྱིས་གསར་འགོད་པར་ང་ཚོ་མངགས་གཏོང་བྱས་པའི་ཀུང་སིས་འགན་བཅོལ་གྲོན་དངུལ་གང་ཡང་སྤྲད་མེད་པ་ཤེས་རྗེས་ང་ཚོས་ངལ་རྩོལ་ལྟ་ཞིབ་རུ་ཁག་བཙལ་པ་དང་སྐབས་དེ་དུས་ང་རང་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་ཡོད་མོད། འོན་ཀྱང་སྤྱི་ཚོགས་འགན་བཅོལ་གྱི་གནད་དོན་དབང་གིས་རྒན་ཡོལ་བྱེད་ཐབས་བྲལ། ལོ་གཉིས་ནང་ཐོག་མཐའ་བར་གསུམ་དུ་ངལ་རྩོལ་ལྟ་ཞིབ་ཉིང་ལག་རུ་ཁག་ལ་རྙོག་དྲ་བཟོས་སོང་།ཁོང་ཚོས་ཀྱང་ངང་རྒྱུད་རིང་པོས་ང་ཚོར་རོགས་རམ་གནང་བྱུང་། ད་ལྟ་གནད་དོན་ཐག་གཅོད་བྱས་ཟིན་པས་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་བྱུང་།
གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཁག་གིས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པར་གྲོང་མི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། སླད་ཕྱིན་ཡན་ལག་རུ་ཁག་དེས་ཞབས་ཞུའི་བྱེད་ཐབས་མུ་མཐུད་གསར་གཏོད་བྱས་ནས་ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་ལ་སེམས་ཤུགས་དང་བརྩེ་སེམས་ཀྱིས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社