(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཧ་སག་སི་ཐན་གྱི་མངའ་ཁོངས་བར་སྣང་དུ་འབྱོར་སྐབས། ཧ་སག་སི་ཐན་མཁའ་དམག་གི་དམག་འཐབ་གནམ་གྲུ་གསུམ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་ཡོད།
ཆེད་གཏོང་གནམ་གྲུ་ཨ་སི་ཐ་ནའི་ན་ཀྲར་པ་ཡེ་ཧྥུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུས་སྲིད་གཞུང་གི་སྲིད་བློན་གཞོན་པ་དང་པོ་སི་ཁེ་ལི་ཡར་དང་། སྲིད་བློན་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ནུར་ཐེ་ལེ་ཝུའུ། སྲིད་འཛིན་ཕྱི་དོན་བློ་འདྲི་ཡུལ་ཁ་ཅི་ཧན། ཨ་སི་ཐ་ན་ཡི་གྲོང་སྤྱི་ཁ་སེ་མུའུ་པེ་ཁེ་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་ཧ་སག་སི་ཐན་གྱི་གཞོན་ནུ་མས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་རེད།
ཐུའོ་ཁ་ཡེ་ཧྥུས་གནམ་ཐང་དུ་ཞི་ཅིན་ཕིང་ལ་མགྲོན་བསུའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད། གུས་ལུཊ་དམག་མི་100ལྷག་ཙམ་དཔའ་ཉམས་རབ་ཏུ་རྒྱས་ཤིང་། དམག་དཔུང་རོལ་ཆ་ཚོཊ་པས་མགྲོན་བསུའི་རོལ་ཆ་དཀྲོལ་གཏོང་དང་མགྲོན་བསུའི་དུང་བརྡ་བཏང་ཡོད། ཧ་སག་སི་ཐན་གྱི་བྱིས་པ་བརྒྱ་ཙམ་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ཤིང་། སྐུ་ཁམས་བཟང་ཞེས་དགའ་འབོད་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད།
ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཧྥུ་ཡི་ཕེབས་རོགས་འོག གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། ཧ་སག་སི་ཐན་གྱི་ལོ་ཆུང་བྱིས་པ་བཅུ་ལྷག་ཙམ་གྱིས་རྒྱ་སྐད་ཀྱི་ཐོག་ནས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གཞས་དེ་བཏང་ཡོད།
ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། མཛའ་གྲོཊ་ལྡན་པའི་ཧ་སག་སི་ཐན་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་32སོང་རིང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བས་དུས་རབས་ཀྱི་འཕོ་འགྱུར་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས། དུས་གཏན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དམིགས་བསལ་ཞིག་ཆགས་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་ཕྱར་བ་གྲུ་འདེགས་དང་། གཉིས་ཕན་མཉམ་རྒྱལ། གཅིག་ངོ་གཅིག་རྒྱན་བཅས་ཀྱི་འབྲེལ་བའི་དཔེ་མཚོན་ཞིག་བཏོད་ཡོད། ལོ་ངོ་11གི་གོང་། ང་རང་ནས་ཧ་སག་སི་ཐན་དུ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་ཡིན། ད་ཆ། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་རང་ནས་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུ་དང་ལྷན་དུ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་ཞུས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་དུས་གཏན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཆར་གཞི་གསར་པ་འདིང་རྒྱུ་དང་བཀོད་སྒྲིག་གསར་པ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། ད་དུང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཨ་སི་ཐ་ནའི་དབུ་ཚོགས་ལ་ཞུགས་ནས། ཕྱོགས་ཁག་དང་མཉམ་དུ་སྒྲིག་འཛུགས་ཀྱི་འབྱུང་འགྱུར་དང་མཉམ་ལས་ཀྱི་ཇུས་ཆེན་ལ་གྲོས་མོལ་བྱས་ཏེ་ཕྱོགས་མང་སྒྲིག་གཞི་གལ་ཆེན་འདི་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་གི་ནང་ཕེབས་འབྱོར་ཟིན་ཡོད།
ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཀྲང་ཞའོ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
ཞི་ཅིན་ཕིང་རླངས་འཁོར་ནང་བཞུཊ་ཏེ་གནམ་ཐང་ནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མིས་གཞུང་ལམ་གཡས་གཡོན་གཉིས་སུ་ཕེབས་སྒུག་ཞུས་ཡོད་པ་དང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་རྒྱལ་དར་གཡུག་གཡུག་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་ལ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་ཞེས་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བཀྱགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社