分享按钮

(པར་ངོས་དང་པོར་མཐུད)ཀྲུང་གོ་དང་ཕེ་རུའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱི་ཕེ་རུའི་མཉམ་ལས་ལས་གཞི་གལ་ཆེན་གྱིས་ཕེ་རུའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོའི་ལེགས་བཅོས་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕེ་རུའི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕེ་རུ་ཕྱོགས་དབར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དཔལ་ཡོན་དཔེར་ལེན་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ནམ་རྒྱུན་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཕེལ་རྒྱས་སྲུང་འཛིན་བྱེད་ཐུབ་པའི་གཞི་རྩའི་རྒྱུ་རྐྱེན་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་ཅིང་། ཕེ་རུའི་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་དང་ཕེ་རུའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དབར་གྱི་དཔལ་འབྱོར་མཉམ་ལས་ཀྱི་འཐབ་ཇུས་མཇལ་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པའི་འགུལ་སྐྱོད་སྣ་བརྒྱད་དང་ཕེ་རུ་ཕྱོགས་ཀྱི་འཕེལ་རྒྱས་དགོས་མཁོ་སྦྲེལ་མཐུད་བྱས་ནས། གཏེར་ཁ་དང་ནུས་ཁུངས། བཟོ་སྐྲུན་ལས་རིགས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཅིག་འདོམས་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གསར་པ་དང་གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས། གཞི་གྲངས་སྨན་བཅོས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། སྔར་ལས་མང་བའི་ཕེ་རུའི་སྤུས་ལེགས་ཐོན་རྫས་ཀྲུང་གོའི་ཚོང་རར་ཞུགས་པར་དགའ་བསུ་བྱེད་པ་དང་། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕེ་རུ་ལ་སོང་ནས་དངུལ་གཏོང་དང་དུས་ཡུན་རིང་པོའི་མཉམ་ལས་སྤེལ་བར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་དགོས། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཆན་ཁའེ་གྲུ་ཁ་དུས་ལྟར་འགྲུབ་པ་དང་ཀྲུང་གོ་དང་ལཱ་ཏེན་མེ་གླིང་བར་གྱི་སྐམ་སའི་རྒྱུ་ལམ་གསར་པར་འགྱུར་བར་འགན་སྲུང་བྱས་ཏེ། ཆན་ཁའེ་ནས་ཧྲང་ཧེ་བར་གྱི་རྒྱུ་ལམ་དེ་ངེས་པ་དོན་གྱིས་ཀྲུང་གོ་དང་ཕེ་རུའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དར་རྒྱས་ལམ་ཞིག་ཏུ་འགྱུར་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ན་གཞོན་སློབ་མ་སྔར་ལས་མང་བར་ཀྲུང་གོའི་སློབ་སྦྱོང་བྱ་དགའི་ཁ་གྲངས་མང་པོ་འདོན་སྤྲོད་བྱས་ཏེ། སློབ་གསོ་དང་།རིག་གནས། ཡུལ་སྐོར། ན་གཞོན། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་སྔར་ལས་བརྟན་པོའི་དམངས་ཀྱི་འདོད་བློའི་རྨང་གཞི་འདིང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕེ་རུ་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་བསྐོར་བའི་ས་ཁུལ་གྱི་གསར་དར་ཚོང་རའི་རྒྱལ་ཁབ་གལ་ཆེན་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཡིན། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ།འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཡིས་ད་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལེགས་པར་འཚོག་པར་རྒྱབ་སྐྱོར་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཀྱི་ཁ་ཕྱོགས་ཡང་དག་ལ་སྲུང་སྐྱོབ་བྱས་ཏེ། ཕྱི་ཕྱོགས་ལ་སྒོ་དབྱེའི་རྣམ་པ་ཅན་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཛུགས་སྐྲུན་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་པོར་སྒྲོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་། ཕེ་རུ་སོགས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།

པའོ་ལུའུ་ཨར་ཐེ་ཡིས་བསྟན་དོན། སྲིད་འཛིན་ལས་ཁུངས་ཀྱི་པུའུ་ཀྲང་དང་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་ཁྲིད་ནས་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། ཕེ་རུ་དང་ཀྲུང་གོ་གཉིས་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་ཞིང་། ལོ་རྒྱུས་སྟེང་ཀྲུང་གོ་བས་ཕེ་རུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། རིག་གནས་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཁྱད་པར་དུ་ཀྲུང་གོའི་ཁེ་ལས་ཀྱིས་ཕེ་རུ་ནས་དངུལ་གཏོང་མཉམ་ལས་བྱས་ཏེ། ཕེ་རུ་ལ་ལས་ཞུགས་གོ་སྐབས་མང་པོ་བསྐྲུན་པར་མ་ཟད།སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ཡང་མང་པོ་བསགས་ཡོད།

སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཕེ་རུར་ཡོང་ནས་མ་དངུལ་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་དང་ལྷད་མེད་འཕེལ་རྒྱས། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་འདོད་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཆན་ཁའེ་གྲུ་ཁའི་ལས་གཞི་དུས་ལྟར་ལེགས་གྲུབ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད། 1971ལོར་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུགས་ཚུན། ཕེ་རུའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཕེ་རུ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ངེས་ཡིན། ཕེ་རུ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འདོན་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་།ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་རྩ་འཛུགས་སོགས་སྣེ་མང་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་དང་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོཊ་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ་སྒོ་དབྱེའི་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

མཇལ་མོལ་གྲུབ་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་2024ལོ་ནས2029ལོའི་བར་གྱི་ཐུན་མོང་ལས་དོན་གྱི་འཆར་གཞི་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས། གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད། རིམས་ནད་ཞིབ་བཤེར། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་བཀོད་པར་བདེན་དཔང་གནང་བ་དང་། ཕྱོགས་གཉིས་ཀྱིས་ངོ་བོ་རང་བཞིན་ལྡན་པའི་སྒོ་ནས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་པ་སྤོར་བའི་མཇལ་མོལ་ཡོངས་སུ་ལེཊ་གྲུབ་བྱུང་བ་ཁྱབ་བསྒྲགས་གནང་ཡོད།

མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་པའོ་ལུའུ་ཨར་ཐེ་ལ་དགའ་བསུའི་མཛད་སྒོ་སྤེལ་བ་རེད།

པའོ་ལུའུ་ཨར་ཐེ་འབྱོར་སྐབས། གུས་ལུགས་དམག་དཔུང་གིས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་དཔུང་གི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལེན་བྱས་པར་མ་ཟད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གུས་ལུགས་ཀྱི་མེ་སྒྱོགས་ཐེངས་ཉེར་གཅིག་འཕངས་པ་རེད།

པའོ་ལུའུ་ཨར་ཐེ་ཡིས་ཞི་ཅིན་ཕིང་དང་ལྷན་དུ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་རུ་དཔུང་སྒྲིག་པའི་རྣམ་པར་གཟིགས་པ་རེད།

ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་པའོ་ལུའུ་ཨར་ཐེ་ལ་དགའ་བསུའི་གསོལ་སྟོན་བཤམས་པ་རེད།

ཝང་དབྱི་གོང་གི་བྱེད་སྒོར་ཞུགས་ཡོད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 6 6 拉萨日报藏文 c183644.html 1 /enpproperty-->