分享按钮

ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་གིས་དང་བླངས་ཞབས་ཞུར་སྣེ་ཁྲིད་བྱས་ནས་གཞི་རིམ་བཅོས་སྐྱོང་ལེགས་པོ་བྱས་པ།

པར་འདི་ནི་བཀྲ་ཤིས་སྡེ་ཁུལ་གྱི་ལས་དོན་པ་དང་དང་བླངས་ཞབས་ཞུའི་རུ་ཁག་གི་ཏང་ཡོན་རྒན་གྲས་དབར་ལས་ཀའི་མྱོར་ཆོར་སྤེལ་རེས་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

དང་བླངས་ཞབས་ཞུ་ནི་ཀུན་ལ་དགེ་བ་སྒྲུབ་པ་ཅིག་ཡིན་ལ་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། དོག་སྡེ་ཁྲོམ་གཞུང་གིས་ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་གསར་གཏོད་མཐའ་འཁྱོངས་བྱས་ནས་ལས་སྟེགས་གཅིག་བེད་སྤྱོད་ཡག་པོ་དང་། འགན་ལེན་ཆེན་པོ་གསུམ་དོན་འཁྱོལ་བྱེད་པ། ཞབས་ཞུ་ཁག་ལྔ་ལ་དམིགས་པ་བཅས་ཀྱི་“135”དང་བླངས་ཞབས་ཞུའི་མ་ལག་བཙུགས་ནས་དང་བླངས་ཞབས་ཞུའི་ལས་དོན་དེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ནང་བཅུག་ནས་ངས་མི་ཚང་མའི་ཆེད་དུ་དམ་པ་དོན་གཉེར་དང་མི་ཚང་མས་རང་ཉིད་ཀྱི་ཆེད་དུ་དམ་པ་དོན་གཉེར་བྱེད་པ་ཞེས་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་ནས་སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད།

ལས་སྟེགས་ཡག་པོ་སྤྱད་དེ་དང་བླངས་ཞབས་ཞུའི་འབྲེལ་ཟམ་བཙུགས་པ།

དོག་སྡེ་ཁྲོམ་གཞུང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོ(སྡེ་ཁུལ)དྲུག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་གཙོ་གནད་དུ་བྱས་ཏེ་ཤེས་དཔལ་གསར་སྐྲུན་དང་། གྲོང་གསེབ་དར་རྒྱས་གཏོང་བ། གཞི་རིམ་བཅོས་སྐྱོང་།ཐོན་སྐྱེད་བདེ་འཇགས་སོགས་ཁྱབ་ཁོངས་ལ་དམིགས་ནས་ལས་དོན་ཨུ་ལྷན་ཆེན་མོའི་མཉམ་སྐྲུན་ཚན་པའི་ཆེད་ལས་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་མི་སྣ་དང་བླངས་པའི་དཔུང་ཁག་ནང་བསྡུས་ཏེ་དགོས་མཁོ་མི་འདྲ་བ་དང་འཚམ་ཞིང་ཆེད་ལས་རང་བཞིན་ཆེ་བའི་དང་བླངས་ཞབས་ཞུའི་དཔུང་ཁག་ཁག་གཅིག་འཕེལ་རྒྱས་བཏང་ཡོད། མིག་སྔར་ཁྲོམ་གཞུང་དུ་སྒྲོལ་མ་འདུམ་འགྲིག་ཁང་དང་བླངས་ཞབས་ཞུའི་རུ་ཁག་དང་། ཁུ་བྱུག་དབྱངས་སྙན་དང་བླངས་ཞབས་ཞུའི་རུ་ཁག ཨ་མ་བཀྲ་ཤིས་ལགས་དང་བླངས་ཞབས་ཞུའི་རུ་ཁག རྒན་རྒོན་གྱི་དང་བླངས་ཞབས་ཞུའི་རུ་ཁག ཐོ་ཆུང་ཏིང་ཏང་མི་རིགས་མང་བའི་དང་བླངས་སྐོར་གཡེང་རུ་ཁག སྐར་འོད་ལུའོ་ཨོའུ་གདོང་མཆོང་དང་བླངས་ཞབས་ཞུའི་རུ་ཁག སྐྱེ་ཁམས་དང་བླངས་ཞབས་ཞུའི་རུ་ཁག་སོགས་དང་བླངས་ཞབས་ཞུའི་རུ་ཁག་17ཡོད་པ་དང་དང་བླངས་པ་1345ཡོད་པ་རེད།

འགན་ལེན་ཆེན་པོ་གསུམ་དོན་འཁྱོལ་བྱས་ནས་དང་བླངས་ཞབས་ཞུ་ཡག་པོ་བསྒྲུབས་པ།

གཅིག་ནས་རྩ་འཛུགས་ཀྱི་འགན་སྲུང་དོན་འཁྱོལ་བྱས་པ། ཏང་ཀྲི་པུའུ་དང་དྲ་མིག་དང་དང་བླངས་ཞབས་ཞུ་ཟུང་འབྲེལ་གྱི་རྣམ་པ་ཧུར་ཐག་བཏོད་ནས་དང་བླངས་ཞབས་ཞུར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།གཉིས་ནས་དགོས་མཁོ་འགན་སྲུང་དོན་འཁྱོལ་བྱས་པ།དང་བླངས་ཞབས་ཞུའི་སྤུས་ལེགས་རྣམ་གྲངས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་དུ་ཞུགས་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་རྒྱ་ཆེའི་དང་བླངས་པ་ཚང་མར་ཞབས་ཞུ་མཁོ་འདོན་བྱེད་པའི་གོ་སྐབས་སྤྲད་པ་རེད། ཁོངས་གཏོགས་ཁུལ་གྱི་ཚན་པ་དང་། སློབ་གྲྭ སྤྱི་ཚོགས་རྩ་འཛུགས་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ལས་ཐོག་ཏང་ཡོན་གྱི་འབྱོར་ཐོ་འགོད་པ་གཉིས་དང་སྐར་གསོག་གཉིས་ལ་བརྟེན་ནས“རྒན་པ་གཅིག་དང་ཆུང་བ་གཅིག་དང་གསར་པ་གཅིག”དང་། དབང་པོ་སྐྱོན་ཅན། གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པ་སོགས་ཚོགས་པ་གཙོ་གནད་དུ་བྱས་ནས་ཁ་གཏད་ཞབས་ཞུ་སྦྲེལ་མཐུད་གནད་འཁེལ་བྱས་ཏེ་མང་ཚོགས་ཀྱིས་མངགས་ཐོ་འགོད་པ་དང་། སྡེ་ཁུལ་ཀྱིས་མངགས་ཐོ་སྐྱེལ་བ། དང་བླངས་རྩ་འཛུགས་ཀྱིས་མངགས་ཐོ་ཉོ་བ།དང་བླངས་པས་མངགས་ཐོ་རྩིས་ལེན་པ་བཅས་ཀྱི་ཞབས་ཞུའི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ་མཁོ་སྤྲོད་ཕྱོགས་གཉིས་མཉམ་འགུལ་དང་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་བྱས་ཏེ་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དང་། སྟབས་བདེ་ཅན། གནད་འཁེལ་ཅན་བཅས་བྱུང་ཡོད།གསུམ་ནས་ལམ་ལུགས་ཀྱི་འགན་སྲུང་དོན་འཁྱོལ་བྱས་པ། དང་བླངས་ཞབས་ཞུའི་བྱེད་སྒོ་ནི་ཐེངས་གཅིག་ལ་སྤྲོ་སེམས་འཁོལ་བ་དང་སྐབས་ཤིག་རིང་འཁྲུག་ཆ་དོད་པ་ཞིག་མིན། ཁྲོམ་གཞུང་གིས་ལམ་ལུགས་ཅན་གྱི་རྩ་འཛུགས་དང་། ཚད་ལྡན་ཅན་གྱི་དོ་དམ།ཚན་རིག་ཅན་གྱི་འཁོར་སྐྱོད་བཅས་ལ་སྲུང་སྐྱོང་བྱས་ནས་རྒྱ་ཆེའི་དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱིས་མི་གཞན་ལ་ཞབས་ཞུ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བར་ཆ་རྐྱེན་བསྐྲུན་ནས་དང་བླངས་ཀྱི་སྙིང་སྟོབས་རྒྱུན་མཐུད་དར་འཕེལ་བཏང་བ་རེད། ཞབས་ཞུའི་སྐར་མ་དང་དུས་ཚོད་གསོག་འཇོག་སོགས་ཀྱི་བྱ་ཐབས་སྤྱད་དེ་གུས་ལན་འཇལ་རྒྱུ་དང་ཡིད་རྟོན་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དང་བླངས་ཞབས་ཞུ་དེ་འབྲེལ་ཡོད་ཀྱི་ཕུལ་བྱུང་དཔྱད་བསྡུར་དང་སྔོན་ཐོན་ལ་དཔྱད་བསྡུར་བྱེད་པའི་དཔྱད་གཞི་གལ་ཆེན་དུ་བརྩིས་ནས་སྐར་རིམ་གཏན་འཁེལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།རྒྱབ་སྐྱོར་འགན་ལེན་ལམ་ལུགས་ནུས་ལྡན་དང་དང་བླངས་ཞབས་ཞུ་ཡུན་རིང་སྤེལ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

ཞབས་ཞུ་ཁག་ལྔ་ལ་དམིགས་ཏེ་དང་བླངས་ཞབས་ཞུར་གསོན་ཤུགས་འཕེལ་བར་བྱས་པ།

དོག་སྡེ་ཁྲོམ་གཞུང་གིས་ལྔ་ལྔའི་ལས་ཀའི་བྱེད་ཐབས་དོན་འཁྱོལ་གང་ལེགས་བྱས་ཏེ་དང་བླངས་ཞབས་ཞུའི་ལས་དོན་དེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ནང་མཉམ་འདྲེས་བྱས་ནས་ཞབས་ཞུ་ཁག་ལྔ་ལ་དམིགས་ཏེ་གཞི་རིམ་དང་བླངས་ཞབས་ཞུའི་ལམ་ལུགས་དང་ལས་ཀའི་མ་ལག་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་དང་བླངས་ཞབས་ཞུའི་བྱ་གཞག་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གཅིག་ནས་དང་བླངས་ཞབས་ཞུའི་གཡུལ་ས་སྟོབས་ལྡན་དུ་བཏང་བ། སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་དུ་བརྩིས་ནས་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ཕྱོགས་བསྡུས་ཚོམས་ཆེན་དང་སེམས་ཁམས་བློ་འདྲི་ཁང་སོགས་བཙུགས་ནས་མང་ཚོགས་ཀྱི་དགོས་མཁོ་སྣ་མང་ཅན་བསྐངས་ཞིང་། གསང་ཡིབ་སྡེ་ཁུལ་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་སྲིད་འཛིན་ཅན་སྒྱུར་བཀོད་བྱས་ནས་མིག་སྔའི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དགོས་མཁོ་དངོས་སྔོག་འདོན་གང་ལེགས་བྱས་ཏེ“རྒན་པ་གཅིག་དང་ཆུང་བ་གཅིག་གསར་པ་གཅིག”ལ་དམིགས་ནས“ཉི་འོད་གསར་པ”གཙོ་དོན་དུ་བྱས་ཏེ་སྡེ་ཁུལ་དུ་བར་མཐོངས་ཀུན་གྱིས་ལོངས་སུ་སྤྱོད་པའི་འདུ་ཤེས་གཞིར་བཟུང་གྲོང་མིའི་སྤྱི་ཚོགས་ཀྱི་འབྲེལ་འདྲིས་དང་། གྲོང་ཁྱེར་གྱི་རིག་གནས། དམངས་ཕན་ཞབས་ཞུ་སོགས་ཀྱི་ཁྱད་ཆོས་གཅིག་སྡུད་བྱས་ཏེ་སྡེ་ཁུལ་གྱི་ཟ་ཁང་དང་། བུ་བཅོལ་ཁང་། སྒྱུ་རྩལ་མཉམ་སྤྱོད་བར་མཐོངས། སྡེ་ཁུལ་གྱི་ཐད་གཏོང་ཁང་སོགས་ཀྱི་བྱེད་ནུས་རྣམ་པ་བཙུགས་ནས་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་དེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས་། མང་ཚོགས་གཅིག་སྡུད་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གྲོང་ཁྱེར་གྱི་མགྲོན་ཁང་ལྟ་བུར་བཏོད་ཡོད། གཉིས་ནས་་དང་བླངས་ཞབས་ཞུ་ཞིབ་ཚགས་ཡག་པོ་བསྒྲུབས་པས། ཁོངས་གཏོགས་ཁུལ་གྱི་ནར་མ་སོན་པའི་མི་དང་། རྒན་རྒོན། དམིགས་བསལ་ཚོགས་སྤྱི་སོགས་ལ་དམིགས་ཏེ་ཁྱིམ་མཚེས་དབར་རོགས་རེས་དང་། དམངས་ཕན་ཞབས་ཞུ། རིག་རྩལ་འཁྲབ་སྟོན་། ཁོར་ཡུག་སྲུང་སྐྱོང་སོགས་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་དང་བླངས་ཞབས་ཞུའི་ནང་དོན་ལ་གཞིགས་ནས་དང་བླངས་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་གི་ཡོད། “བདེ་སྐྱིད་ཀྱི་སྒོ་རྡུང་བ”དང“ཁུ་བྱུག་དབྱངས་སྙན་སྒོ་དྲིལ་”བྱ་སྤྱོད་སྤེལ་ནས་དང་བླངས་ཞབས་ཞུ་ཡུལ་མིའི་སྒོ་འགྲམ་དུ་སྤེལ་ཏེ་བློ་འདྲི་ཁག་60ལྷག་ཙམ་ལ་ལན་བཏབ་པ་དང་ཞབས་ཞུ་ཐེངས་20ལྷག་ཙམ་བསྒྲུབས་པས“དང་བླངས་སྒོ་རྩར་སྤེལ་ནས་གཅེས་སེམས་ཁྱིམ་དུ་སྐྱེལ་བའི”ཁྱད་ལྡན་དང་བླངས་ཞབས་ཞུ་སྒྲུབ་བཞིན་ཡོད། གསུམ་ནས་དང་བླངས་ཞབས་ཞུའི་ཚད་གཞི་འཛུགས་དགོས། དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་དང་། དང་བླངས་ཞབས་ཞུའི་གཏམ་རྒྱུད་ཡག་པོ་ཤོད་པ། ཁོངས་གཏོགས་ཁུལ་གྱི་དང་བླངས་རིག་གནས་ཀྱི་རྣམ་པ་བཏོད་པ། གྲོང་མི་མང་ཚོགས་ཀྱི་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ནས་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་མཚན་ལ་བསམ་བློ་གཏོང་བ་བཅས་ལ་སྐུལ་མ་བཏང་ཡོད། ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་གྱི་མི་བཟང་།ཤེས་དཔལ་ལྡན་པའི་ཁྱིམ་ཚང་།སྒྱུག་མོ་བཟང་པོ།མནའ་མ་བཟང་པོ་སོགས་དཔེ་མཚོན་གྱི་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་སྤེལ་ནས་ཁྱིམ་གྱི་བསླབ་འདོམས་བརྒྱུད་སྤེལ་དང་། ཁྱིམ་སྲོལ་འཛུགས་པ། ཁྱིམ་སྲོལ་དར་སྤེལ་བཅས་ཀྱི་གཙོ་དོན་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་དང་ཀྲུང་ཧྭའི་སྤྱོད་བཟང་དར་སྤེལ་བཏང་ཡོད། བཞི་ནས་དང་བླངས་ཞབས་ཞུའི་སྤུས་རྟགས་བཏོད་པ། གྲོང་ཚོ་ཁག་གི་ཁྱད་ཆོས་ལ་གཞིགས་ནས་ཁུ་བྱུག་དབྱངས་སྙན་སྒོ་དྲིལ་གྱི་སྒྲ་དང་། རྒན་རྒོན་ཞབས་ཞུའི་རུ་ཁག བཀྲ་ཤིས་ཨ་མ་ལགས་སོགས་སྐད་གྲགས་ཆེ་བ་དང་། དར་ཁྱབ་ཆེ་བ། བརྟན་པོར་གནས་པ། ཉར་ཐུབ་པ་བཅས་ཀྱི་དང་བླངས་ཞབས་ཞུའི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་བཏོད་ནས་གྲོང་ཚོ་རེར་སྤུས་རྟགས་རེ་དང་གྲོང་ཚོ་རེར་ཁྱད་ཆོས་ལྡན་པའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས་སྤུས་རྟགས་ཅན་གྱི་བྱེད་སྒོའི་ཐོག་ནས་མང་ཚོགས་སྐྱིད་་པའི་འཚོ་བ་སྐྱེལ་ཐུབ་པར་བྱས་ཡོད། ལྔ་ནས་རིག་ནུས་དང་བླངས་ཞབས་ཞུར་དམ་འཛིན་ཡག་པོ་བྱས་པ། རིག་ནུས་ཅན་གྱི་ཞབས་ཞུ་དེ་བླངས་ཞབས་ཞུའི་ནང་མཉམ་འདྲེས་བྱས་ནས་སྤྱོད་གོ་ཆོད་པ་དང་། སྤྱོད་སླ་བ། ཕན་ནུས་ལྡན་པ་བཅས་ཀྱི་ཟུར་ཚད་ཐོག་ནས་ཆ་འཕྲིན་ཅན་གྱི་ལག་རྩལ་ལ་བརྟེན་པའི་མང་ཚོགས་ལ་སྟབས་བདེ་དང་། ནུས་ཆེ། འགོག་རྐྱེན་མེད་པ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། སྤྱི་ཚོགས་ཀྱི་ལས་ཀ་ཤར་གཏོང་དང་། ཁུར་པོ་ཆུང་དུ་གཏོང་བ། སྤྱི་སྟེགས། འཕྲིན་ཕྲན་ཚོགས་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་གྲོང་མིར་ཞབས་འདེགས་ཞུ་བའི་སེམས་འབྲེལ་ཟམ་པ་བསྐྲུན་པ། དྲ་མིག་ཅན་གྱི་འཕྲིན་ཕྲན་ཚོགས་པ་བརྒྱུད་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་སེམས་ཁྲལ་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་པ་དང་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་ཞིབ་ཐོ་བཟོས་ནས་ལས་ཐོག་ཏང་ཡོན་གྱི་འབྱོར་ཐོ་འགོད་པ་གཉིས་ནས་སྐར་གསོག་གཉིས་ཀྱི་ལས་ཀའི་ལམ་སྲོལ་བར་དང་སྤྲིན་རྩིས་འབྱོར་ཐོ་འགོད་པ་ཞེས་པའི་རིག་ལྡན་གོ་རིམ་ཆུང་ཆུང་དོན་འཁྱོལ་བྱས་ནས་ལས་ཐོག་ཏང་ཡོན་གྱིས་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱི་བྱ་བ་སྒྲུབ་ཐུབ་པ་དང་། དཀའ་ངལ་ལ་རོགས་རམ་བྱེད་ཐུབ་པ། གནད་དོན་ལ་དོ་དམ་བྱེད་ཐུབ་པ་བཅས་བྱས་ཡོད་པ་རེད།

གྲོང་ཁྱེར་གཅིག་གི་དར་སྲོལ་གསར་པའི་ནང་ཞུགས་ནས་ཁྱིམ་ཚང་ཁྲི་སྟོང་ལ་དྲོ་སྐྱིད་སྦྱིན་ཡོད། དང་བླངས་ཞབས་ཞུ་ལ་བྱས་རྗེས་ཆེན་པོ་ཡོད་ལ་བྱས་རྗེས་ཀྱང་ཆེན་པོ་འཇོག་ངེས་ཡིན། ཁྲོམ་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་སྔོག་འདོན་གཏིང་ཟབ་བྱས་ནས་དང་བླངས་ཞབས་ཞུའི་སྟོབས་ཤུགས་དེ་བས་མང་བ་སྐུལ་སློང་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཐུགས་ཁུར་ཆུང་ཙག་ཡིན་ཡང་བརྒྱུད་སྤྲོད་གང་ཐུབ་བྱས་ཏེ་དྲོ་སྐྱིད་ལྡན་པའི་དང་བླངས་ཞབས་ཞུའི་མ་ལག་གསར་པའི་ཕྱོགས་སུ་སྣེ་ཁྲིད་བྱས་ནས་དང་བླངས་ཞབས་ཞུའི་སྤུས་ཚད་ཡར་རྒྱས་དང་ཤེས་དཔལ་གྱི་སྟོབས་ཤུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་བྱས་ཐོག་དང་བླངས་ཞབས་ཞུའི་གོམ་སྟབས་ཇི་ཙམ་སྤོས་པ་དེ་ཙམ་གྱིས་བརྟན་དུ་ཕྱིན་ནས་དང་བླངས་ཞབས་ཞུའི་ཤེས་དཔལ་གྱི་མེ་ཏོག་སྡེ་ཁུལ་དུ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱས་ཡོད་པ་རེད།

(ནོར་བུ་ཆོས་སྒྲོན་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 6 6 拉萨日报藏文 c183410.html 1 ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་གིས་དང་བླངས་ཞབས་ཞུར་སྣེ་ཁྲིད་བྱས་ནས་གཞི་རིམ་བཅོས་སྐྱོང་ལེགས་པོ་བྱས་པ། /enpproperty-->