分享按钮

ལྷ་ས་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་26ཉིན། ལྷ་ས་གྲོང་ཁྱེར་གྱི་2023ལོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགྱུར་མགྲིན་ཚབ་པས་2023ལོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བཏབ་གནང་བ་རེད།

2023ལོར། ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ་དང་། འདི་ཉིད་སྔར་བཞིན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་རེད། ལྷ་ས་གྲོང་ཁྱེར་གྱི་གཙང་པོ་དང་མཚེའུ་གཙོ་བོ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་5 གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་བཅས་ཚད་གཞིར་སླེབས་ཚད་བརྒྱ་ཆ་100ཟིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་རིམ་པ་གཉིས་པའི་ཚད་གཞིར་སླེབས་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཁྲོད་ཨང་གཉིས་པར་སླེབས་པ། ལྷ་ས་གྲོང་ཁྱེར་གྱི་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ཀྱི་གནས་ཚུལ་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་པ། ལྷ་ས་གྲོང་ཁྱེར་གྱི་བྱེད་ནུས་ཁུལ་ཁག་གི་ཉིན་མོ་དང་མཚན་མོའི་ཚད་གཞི་ལོན་ཚད་བརྒྱ་ཆ་100ཟིན་ནས་སྒྲའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་གྱི་ཁྱབ་འགྱེད་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་ཡོད་པ་རེད།

2023ལོར། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་སྐྱེ་ཁམས་དཔལ་ཡོན་འཛུགས་གཏོད་ཀྱི་་དཔེ་སྟོན་གྲོང་ཁྱེར་1དང་། དཔེ་སྟོན་རྫོང(ཆུས)6 དཔེ་སྟོན་ཤང(གྲོང་རྡལ)62 དཔེ་སྟོན་གྲོང་ཚོ(གྲོང་ལྷན)277བཏོད་པ་དང་། བསྡོམས་རྩིས་བྱས་ནས་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་4691.72བཏང་བ་རེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུད་ལ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་གཏོད་ཀྱི་སྔོན་ཐོན་མཉམ་སྡེབ་ཐོབ་པ་དང་། འདམ་གཞུང་རྫོང་འདི་ཉིད་རྒྱལ་ཁབ་ཀྱི་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞིར་བཙུགས་པ་རེད། ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ཐད། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་དང་ཐག་གཅོད་བྱེད་པའི་སྡོད་རྩའི་ཐོན་ལས་གླིང་ཐོག་མ་དེ་བསྐྲུན་པ་དང་། སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་ཉེན་ཆེའི་ཟོག་རོ་ཐག་གཅོད་ལྟེ་གནས་དང་། འཚོ་བའི་གད་སྙིགས་མེར་བསྲེགས་ཁང་། འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་བེད་སྤྱོད་ལྟེ་གནས་སོགས་སྲ་གཟུགས་ཟོག་རོ་བེད་སྤྱོད་དང་ཐག་གཅོད་བྱེད་པའི་སྒྲིག་བཀོད་བསྐྲུན་ནས་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད། ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། སྲ་གཟུགས་ཟོག་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་གནོད་མེད་ཅན་དུ་འགྱུར་བའི་ཐག་གཅོད་ནུས་པར་འགན་སྲུང་ནུས་ལྡན་བྱས་ཡོད། སྤྱིར་བཏང་གི་བཟོ་ལས་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བརྒྱ་ཆ་86.5ཟིན་པ་དང་། སྨན་བཅོས་ཟོག་རོ་བསྡུ་རུབ་དང་ཐག་གཅོད་མ་ལག་ཁྱབ་ཚད་བརྒྱ་ཆ་100ཟིན་པ། ལྷ་ས་གྲོང་ཁྱེར་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་9ཡི་ལུད་གཙང་སེལ་སྒྲིག་ཆས་སྒྲིག་ཚད་བརྒྱ་ཆ་100ཟིན་པ། ལུད་གཙང་སེལ་བེད་སྤྱོད་བྱེད་ཚད་བརྒྱ་ཆ་92ཟིན་པ། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བརྒྱ་ཆ་95ཡན་ཟིན་པ། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་སེལ་དང་གནོད་མེད་གཙང་སེལ་བྱེད་ཚད་བརྒྱ་ཆ་100ཟིན་ཡོད།

2024ལོར། ལྷ་ས་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ལས་འགན་28དང་བྱེད་ཐབས་140ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། གཙོ་གནད་རྣམ་གྲངས་32དང་། མཚོན་བྱེད་རང་བཞིན་གྱི་ལས་གྲྭ་2 ཡིག་ཆ་14བཏོན་རྩིས་ཡོད་ཅིང་། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་བློ་རིག་དོ་དམ་གྱི་སྲུང་སྐྱོང་མ་ལག་དང་། རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་དུ་ངོས་འཛིན་བྱ་རྒྱུ། ཆུ་སྲུང་འཛིན་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན། སྟོད་ལུང་བདེ་ཆེན་དང་སྟག་རྩེ་སོགས་དེང་རབས་ཞིང་ལས་ཐོན་ལས་གླིང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ། ཆུ་ཤུར་ཚལ་སྣེ་གླིང་གི་རི་བོ་གཉིས་ཀྱི་རྟེན་གཞིའི་བགྲོ་གླེང་ཚོགས་འདུ་སོགས་ཀྱི་ལས་དོན་དེ་ཁྱད་ལྡན་བཀྲག་མདངས་འཚེར་སའི་ལས་དོན་ནང་བཅུག་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱས་པའི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་རྒྱུ་དང་། མཛེས་པའི་ལྷ་ས་འཛུགས་སྐྲུན་གྱི་ལེའུ་གསར་པ་ཞིག་བརྩམ་རྒྱུ་ཡིན་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 6 6 拉萨日报藏文 c183407.html 1 ལྷ་ས་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ། /enpproperty-->