分享按钮

ཤའོ་ཡིའུ་ཚའེ་ཡིས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་གི་ཆུ་ཚད་དང་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ཁོང་གིས་དགོན་སྡེའི་མེ་ཟོན་བདེ་འཇགས་ལ་དོ་སྣང་ནན་པོ་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་དང་ཞིབ་ཚགས་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མཐའ་དག་ཁྱོན་ཡོངས་ནས་མེད་པར་བཟོས་ཏེ་རིག་དངོས་བདེ་འཇགས་ལྡན་པ་དང་། མེ་ཟོན་བདེ་འཇགས་ལྡན་པ། འཕྱུགས་པ་གཏན་ནས་མེད་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

དགོན་པའི་གསར་བཅོས་སྒྲིག་ཆས་དང་། འཕྲལ་སྡོམ་འཕྲིན་གཏོང་སྒྲིག་ཆས། ཆུ་ལོག་འགོག་པའི་རོགས་སྐྱོབ་སྒྲིག་ཆས། རི་མཐོའི་རོགས་སྐྱོབ་སྒྲིག་ཆས། དེ་བཞིན་རླངས་འཁོར་འགྲེམས་སྟོན་ཁུལ་བཅས་སུ་ཤའོ་ཡིའུ་ཚའེ་ཡིས་མེ་ཟོན་རོགས་སྐྱོབ་སྒྲིག་ཆས་ཀྱི་ནུས་པ་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་མེ་ཟོན་རོགས་སྐྱོབ་ཀྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མེ་ཟོན་རོགས་སྐྱོབ་སྒྲིག་ཆས་རིག་ནུས་ཅན་དང་ཚན་རྩལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མེ་ཟོན་རོགས་སྐྱོབ་དཔུང་ཁག་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ཉིན་མཚན་ལྟོས་མེད་ཀྱི་ལས་རེས་དམག་གྲབས་མཐའ་འཁྱོངས་བྱས་ཏེ་གློ་བུར་གྱི་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་དང་ལེན་ཞུ་བ་དང་ཐག་གཅོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་རིང་། གྲོང་ཁྱེར་རིམ་པའི་མེ་ཟོན་རོགས་སྐྱོབ་ཅུས་བཙུགས་པ་དེའི་ཐོག་ནས་རང་གྲོང་གི་མེ་ཟོན་རོགས་སྐྱོབ་དཔུང་ཁག་བསྡུ་སྒྲིལ་སྒྱུར་བཅོས་ལས་དོན་ལ་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད་ལ་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། ནུས་རྩལ་སྦྱོང་བརྡར་དང་། འཐབ་ཕོད་པ། རྒྱལ་ཁ་ལེན་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་ཤོས་བྱས་ཏེ་ལྷ་སའི་སྤྱི་ཚོགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་མེ་ཟོན་བྱ་གཞག་གི་འགན་འཁྲི་ལྕི་ལ་ལས་འགན་བླ་ན་མེད་པ་ཞིག་ཡིན། བསླབ་ཚིག་བློ་ལ་བརྟན་པོར་ངེས་ནས་ལྷག་བསམ་རྣམ་དག་བྱེད་པ་དང་། སློབ་སྦྱོང་དང་གོ་བ་ལེན་པའི་ཁྲོད་མུ་མཐུད་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ལ་བརྩེ་སེམས་བཅངས་ཟབ་ཏུ་གཏོང་བ། བློ་སྟོབས་སྦྱོང་བརྡར་བཅས་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་། སྒྲིག་ཁྲིམས་ནན་པོ། མེ་ལྕེ་དྲག་པོར་འཐབ་འཛིང་བྱེད་པ། ལྷག་བསམ་རྣམ་དག་གིས་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྤྱིའི་བླང་བྱ་སེམས་ལ་བརྟན་པོར་ངེས་པ་དང་། བླ་སྲོག་གཏོད་པ། ལག་བསྟར་བཅས་བྱེད་དགོས།

ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ལེགས་སྐྱེས་ཕུལ་ནས་དོན་ཆེན་བཞི་དང་འཛུགས་གཏོད་བཞིར་ཞབས་འདེགས་ཞུ་བ་དང་། ལྷ་སས་གདོང་དམག་བདུན་ཡག་པོ་བྱེད་པར་རམ་འདེགས་ཞུ་བའི་ཤུགས་རྒྱག་པའི་ཁ་ཕྱོགས་ཡང་དག་འཚོལ་བ། ས་ཁོངས་ཀྱི་མེ་ཟོན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡག་པོ་འཁུར་བ། ཕྱོགས་གཅིག་གི་བདེ་འཇགས་སྲུང་སྐྱོང་དང་། ཕྱོགས་གཅིག་གི་བརྟན་ལྷིང་ལ་འགན་ལེན། ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླ་ན་མེད་པའི་ལས་འགན་སྔར་བས་ཕྲག་ཏུ་འཁུར་དགོས།

དཔུང་ཁག་སྟོབས་ལྡན་དུ་བཏང་ནས་རྒྱལ་ཁ་འཐོབ་ཐབས་བྱེད་པ་དང་། སློབ་གསོ་ནན་པོ་དང་། སྦྱོང་བརྡར་ནན་པོ། དོ་དམ་ནན་པོ། བླང་བྱ་ནན་པོ་བཅས་མཐའ་འཁྱོངས་བྱས་ཏེ་གཞི་རིམ་མེ་ཟོན་དཔུང་ཁག་གི་སྟོབས་ཤུགས་བཀོད་སྒྲིག་ལེགས་སྒྱུར་དང་། ཆེད་ལས་ཀྱི་སྒྲིག་ཆས་ཆ་ཚང་དང་ཡག་པོ་སྒྲིག་པ། དངོས་འཐབ་དམག་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མེ་ཟོན་གྱི་འཐབ་འཛིང་ནུས་པ་གསར་པ་མགྱོགས་མྱུར་ངང་སྐྱེད་སྲིང་བྱས་ཐོག་འགག་རྩའི་དུས་སུ་སྐོང་འཐེན་ཐུབ་པ་དང་། གདོང་མཆོང་ཐུབ་པ། རྒྱལ་ཁ་ཐོབ་པ་བཅས་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་མེ་ཟོན་རོགས་སྐྱོབ་ལས་དོན་དང་མེ་ཟོན་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་དང་དོ་ཁུར་བྱས་ཏེ་རྒྱ་ཆེའི་མེ་ཟོན་དམག་དཔོན་དང་འཐབ་འཛིང་པར་ལས་ཀ་དང་འཚོ་བའི་ཆ་རྐྱེན་དེ་བས་ཡག་པོ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་དང་།གྲོང་ཁྱེར་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 6 6 拉萨日报藏文 c183329.html 1 ཤའོ་ཡིའུ་ཚའེ་ཡིས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་གི་ཆུ་ཚད་དང་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ། /enpproperty-->