རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་།རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའི་ཚོགས་ཆེན།ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།
(པར་ངོས་དང་པོར་མཐུད)ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཟུགས་གནས་བབ་ཇེ་མཐོར་བཏང་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རྩལ་དངུལ་རྩའི་ལས་དོན་འདི་ཡག་པོ་བསྒྲུབ་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཚན་རྩལ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་སྟེགས་བུ་སྣ་ཚོགས་ཀྱི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་འཆར་གཞིའི་དོ་དམ་ལེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ཐད་མ་དངུལ་གཏོང་བའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཚན་རིག་ཞིབ་འཇུག་བྱེད་སྒོའི་ཆོས་ཉིད་དང་མཐུན་པའི་རིགས་དབྱེ་གདེང་འཇོག་མ་ལག་དང་དཔྱད་ཞིབ་ལམ་སྲོལ་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ། སྐུལ་སློང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་འདོན་སྤེལ་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་སློབ་མཐུན་སྦྱོར་གྱི་མི་སྣ་སྐྱོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་ཁྱོན་ཆེ་བ་དང་། གྲུབ་གཞི་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་མགྱོགས་མྱུར་གསོ་སྐྱོང་བྱ་དགོས། མཐོ་རིམ་སློབ་གྲྭའི་རིག་ཚན་བཀོད་སྒྲིག་ལེགས་སྒྱུར་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་བྱེད་པའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། ཕུལ་དུ་བྱུང་བའི་བཟོ་སྐྲུན་དབུ་ཆེན་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་དགོས། གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རྒྱ་ཆེའི་ཚན་རིག་ཞིབ་འཇུག་མི་སྣས་ཕུགས་འདུན་ཆེན་པོ་འཆང་བ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། བློ་རྩ་བརྟན་པོས་གསར་གཏོད་བཅས་བྱ་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་སྒོ་དབྱེ་མཉམ་ལས་ཁྲོད་རང་བརྟེན་རང་དར་ཡོང་བར་བྱ་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་འགོ་ལག་ལེན་གཏིང་ཟབ་བསྟར་བ་དང་། སྲིད་གཞུང་དང་དམངས་ཁྲོད་ཀྱི་སྤེལ་རེས་མཉམ་ལས་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་ཚན་རིག་ཞིབ་འཇུག་མི་སྣས་མཉམ་འབྲེལ་ཐོག་འགག་སྒྲོལ་ཐུབ་རྒྱུར་རྒྱབ་སྐྱོར་བྱ་དགོས། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱའི་ནང་ཧུར་ཐག་ཞུགས་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་མིའི་རིགས་ལ་ཕན་བདེ་དེ་བས་ཆེ་བ་བསྐྲུན་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲིས་ཚན་རྩལ་མདུན་གྲལ་གྱི་གསར་གཏོད་པ་དང་། ལས་འགན་གལ་ཆེན་གྱི་འགན་འཁུར་བ། ན་གཞོན་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་སྣེ་ཁྲིད་པ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དཔེ་སྟོན་པ་བཅས་བྱས་ནས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་གོང་འཕེལ་ལ་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཚན་རྩལ་ལས་ཀ་བྱེད་མཁན་གྱིས་རིག་གཞུང་དོན་གཉེར་དེ་རང་རྟོགས་ཀྱིས་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེ་དང་སྦྲེལ་མཐུད་བྱས་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་གྱི་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཞབས་ཞུ་སྒྲུབ་པར་འགན་སྲུང་ཡག་པོ་བྱ་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་མཇུག་ཏུ། ད་ལྟ་ལོ་རྒྱུས་ཀྱི་མཐུད་རྒྱུག་ང་ཚོ་མི་རབས་འདིའི་ལག་ཏུ་སྤྲད་ཡོད་པས། ང་ཚོས་འདུན་པ་ཆེན་པོ་འཆང་བ་དང་། སེམས་ཤུགས་ཆེར་སྐྱེད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་དགོས་ཞེས་གསུངས་པ་རེད།
ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཉེ་ལམ་ལོ་ཤས་རིང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པའི་རླབས་ཆེའི་འཕེལ་རིམ་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ། དུས་བབ་གསར་པའི་འོག་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་གཞི་རྩའི་ནང་དོན་དང་ལས་འགན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་གནང་བ། དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོ་བསྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བཅས་གནང་ཡོད་པས། དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་བྱ་རྒྱུ་དང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་གལ་ཆེན་ཡིན་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཚན་རྩལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་སྔར་ལས་ཆེ་རུ་བཏང་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་གསུངས་ཡོད།
ཚོགས་འདུའི་ཐོག ལི་ཏེ་རེན་དང་ཞུའེ་ཆི་ཁུན་གྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་ཡོད།
ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་འཐུས་མི་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་པར་བརྒྱབ་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས་ཡོད།
ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་ཁག་དང་འཆར་གཞི་ཟུར་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། དམག་དཔུང་གི་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁང་གཉིས་ཀྱི་ཡོན་ཧྲི། རྒྱལ་ཁོངས་ཕྱིའི་ཡོན་ཧྲི་ཁག་གཅིག རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་སོགས་མི་3000ཙམ་ཚོགས་ཆེན་ལ་ཞུགས་ཡོད།
2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཐོག་ཁྱོན་རྣམ་གྲངས་250དང་ཚན་རྩལ་རིགས་གཅིག་མཁས་ཅན་12བདམས་ཡོད་པ་རེད། དེའི་ཁྲོད་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོམ་མཁན་མི་2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་49ཡོད་པའི་ནང་བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་48ཡོད། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ་62ཡོད་པའི་ནང་བྱ་དགའ་ཨང་དང་པོ་8དང་། བྱ་དགའ་ཨང་གཉིས་པ་54ཡོད། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་139ཡོད་པའི་ནང་དམིགས་བསལ་བྱ་དགའ་3དང་། བྱ་དགའ་ཨང་དང་པོ་16 བྱ་དགའ་ཨང་གཉིས་པ་120བཅས་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་10ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་སྤྲད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社