分享按钮

སུའུ་ལྷ་ས་ཁུལ་གཉིས་ཀྱི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་གཞི་རྟེན་གསར་གཏོད་བྱས་པ།

ཆིན་ཧོའེ་སྒྲོན་ཚོགས་ཀྱིས་ལྷ་སར་འོད་སྣང་སྦྱིན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་24ཉིན།ཆིན་ཧོའེ་སྒྲོན་ཚོགས་ཀྱིས་ལྷ་སར་འོད་སྣང་སྦྱིན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགྱུར་མགྲིན་ཚབ་པས་ཆིན་ཧོའེ་སྒྲོན་ཚོགས་ཀྱིས་ལྷ་སར་འོད་སྣང་སྦྱིན་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ཡང་ལན་བརྒྱབ་ཡོད།

གསར་འགྱུར་མགྲིན་ཚབ་པ་ཁྲེན་ཅིང་གིས་ད་ཐེངས་ཀྱི་སྒྲོན་ཚོགས་དེ་ཟླ་7ཚེས་1ཉིན་ནས་ཟླ་9ཚེས་30ཉིན་བར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་འཚོག་རྒྱུ་ཡིན་པ་དང་།ཁྱོན་ས་ཚིགས་17དང་གློག་སྒྲོན་ཚོགས་ཆུང་50བཀོད་སྒྲིག་བྱས་ཡོད་ཅིང་། བཀྲ་ཤིས་རྟགས་བརྒྱད་དང་།འབྲི་གཡག འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆར་ཟིམ།ཝུའུ་དབྱི་སྲང་ལམ་སོགས་སུའུ་ལྷ་ས་ཁུལ་གཉིས་ཀྱི་ཁྱད་ཆོས་ལྡན་པའི་གཞི་རྒྱུ་ཚུད་ཡོད་ཅེས་བཤད། ཆིན་ཧོའེ་སྒྲོན་ཚོགས་ལ“གནམ་འོག་གི་སྒྲོན་ཚོགས་དང་པོ”དང“ཆིན་ཧོའེ་སྒྲོན་ཚོགས་དང་པོ”ཞེས་བརྗོད་སྲོལ་ཡོད། ད་ཐེངས་ཀྱི་སྒྲོན་ཚོགས་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ། ཆིན་ཧོའེ་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་།ཆིན་ཧོའེ་སྒྲོན་ཚོགས་དེ་ནན་ཅིང་ནས་མཐོ་སྒང་གི་ཉི་འོད་གྲོང་ཁྱེར་ལྷ་སར་འགྲེམས་སྟོན་བྱས་ནས་སུའུ་ལྷ་ས་ཁུལ་གཉིས་ཀྱི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་གཞི་རྟེན་གསར་གཏོད་བྱས་ཏེ། ཅང་སུའུ་ཡི་བོད་སྐྱོར་གྲུབ་འབྲས་ལ་དེ་བས་ཕན་ནུས་ལྡན་པ་དང་། ལྷ་སའི་མང་ཚོགས་དང་ཡུལ་སྐོར་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཆེས་མཛེས་སྡུག་ལྡན་པའི་ཆིན་ཧོའེ་ཡི་སྒྲོན་ཚོགས་ལ་མྱོང་རོལ་ཐུབ་པར་བྱུང་ཡོད། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་དང་རྒྱལ་ཁབ་ཀྱིས་ཐོག་མར་ཆོག་མཆན་གནང་བའི་མངོན་མིན་རིག་གནས་ཤུལ་བཞག་ཆིན་ཧོའེ་སྒྲོན་ཚོགས་དེ་ལྷ་སར་ཐོག་མར་འགྲེམས་སྟོན་བྱས་པ་དང་མཛའ་གྲོགས་བརྒྱུད་སྤྲོད་བྱས་ཏེ།སུའུ་ལྷ་ས་ཁུལ་གཉིས་ཀྱི་དུས་རབས་གསར་པར་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་མཛེས་སྡུག་ལྡན་པའི་རོལ་དབྱངས་ཤིག་མཉམ་དུ་བརྩམས་པ་དང་།ཆིན་ཧོའེ་སྒྲོན་ཚོགས་ཀྱིས་ལྷ་ས་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པ་དང་། སུའུ་ལྷ་སྔར་བས་འཆམ་མཐུན་ལྡན་པ། མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་རྒྱུ་ཡིན་པ་རེད།

གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འབྲེལ་ཡོད་ཚན་པས་ཆིན་ཧོའེ་སྒྲོན་ཚོགས་ཀྱིས་ལྷ་སར་འོད་སྣང་སྦྱིན་པའི་ཇུས་འགོད་གྲ་སྒྲིག་དང་། ཁྱད་ལྡན་གྱི་བཀྲག་མདངས་འཚེར་ས། ཞབས་ཞུར་འགན་ལེན་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བརྒྱབ་ཡོད། གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལྷག་སྒྲོན་གྱིས་ས་ཚིགས་17ཁྲོད་སུའུ་ལྷ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་འབྱུང་འགྱུར་གཏོད་ཅེས་དང་།གཡུ་འབྲུག་དགྱེས་སྟོན་ཞེས་པའི་ལྟེ་བའི་གློག་སྒྲོན་ཚོགས་ཆུང་གཉིས་ཡོད་པ་དང་། ལྟེ་བའི་གློག་སྒྲོན་ཚོགས་ཆུང་གཉིས་ཀྱི་གསར་གཏོད་ཇུས་འགོད་ལས་ལྷ་ས་དང་སུའུ་ཀྲོའུ་ས་ཁུལ་གཉིས་ཀྱི་གཉེན་ཉེ་ལྟ་བུའི་བརྩེ་བ་ཟབ་པ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་མཉམ་དུ་གཏོང་བའི་གསོན་ཉམས་ལྡན་པའི་དངོས་དོན་མཚོན་ཡོད་ཅེས་བཤད།

མལ་གྲོ་གུང་དཀར་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་སུང་ཅན་གྱིས་ད་ཐེངས་ཀྱི་སྒྲོན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་གནང་ཞིང་། ཁོང་གིས་སྤྱི་གླིང་གི་ཤར་སྒོར་གློག་སྒྲོན་ཆེ་གྲས་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་སྟེང་ལྷ་སའི་བཀྲ་ཤིས་མཚོན་རྟགས་ནོར་གནག་དང་། ཅང་སུའུ་ཡི་བཀྲ་ཤིས་མཚོན་རྟགས་ཤྭ་བ་བཀོད་ཡོད། གློག་སྒྲོན་ཚོགས་པས་ལྷ་སའི་ཁྱད་ལྡན་གྱི་ཚོས་གཞི་སྤྱད་དེ་དར་ཚོན་སྣ་ལྔ་འཕྱར་ནས་སུའུ་ལྷ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་འབྱུང་འགྱུར་གཏོད་པའི་ནང་དོན་མཚོན་པར་བྱས་ཡོད། སྤྱི་གླིང་གི་བར་ཁྱམས་དང་སྤང་ལྗོངས་ཐོག་ང་ཚོས་དེང་རབས་ཀྱི་བརྙན་ཡོལ་སྤྱད་དེ་ཅང་སུའུ་ཡི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་བཀོད་སྒྲིག་བྱ་རྒྱུ་དང་། ལྷ་སའི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་དང་རིག་གནས་མཛེས་ལྗོངས་ཀྱང་འགྲེམས་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་སྒྲོན་ཚོགས་འདི་ཉིད་ཚོན་ཁྲ་ཅན་གྱི་གློག་སྒྲོན་ལྟེ་བར་བྱས་ནས་ས་གནས་གཉིས་ཀྱི་ཁྱད་ལྡན་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་པ་དང་། ས་གནས་གཉིས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། མངོན་མིན་རིག་གནས་ཤུལ་བཞག་སྒྲོན་ཚོགས་འདི་ཉིད་འཛམ་གླིང་ཡང་རྩེའི་ལྷ་སར་འགྲེམས་སྟོན་བྱ་རྒྱུ་དང་།རིག་གནས་སྤེལ་རེས་བྱས་པ་བརྒྱུད།ལྷ་ས་དང་ཅང་སུའུ་ཡི་རིག་གནས་སྤེལ་རེས་དང་མཉམ་ལས་དམ་ཟབ་བྱས་ནས་སུའུ་ལྷ་ས་གནས་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་དང་འཕེལ་རྒྱས་ཆེན་མོའི་ཐོན་ལས་ཀྱི་རྣམ་པ་གཏོད་དེ་ལྷ་ས་དང་ཅང་སུའུ་ཡི་རིག་གནས་ཡུལ་སྐོར་མཉམ་ལས་ཀྱི་སྤུས་རྟགས་གསར་པ་གཏོད་རྒྱུ་ཡིན་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 སུའུ་ལྷ་ས་ཁུལ་གཉིས་ཀྱི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་གཞི་རྟེན་གསར་གཏོད་བྱས་པ། 6 6 拉萨日报藏文 c183302.html 1 ཆིན་ཧོའེ་སྒྲོན་ཚོགས་ཀྱིས་ལྷ་སར་འོད་སྣང་སྦྱིན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ། /enpproperty-->