ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་སྐྱིད་ཆུའི་ཉི་འོད་གླིང་ཕྲན་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཡུལ་དངོས་སུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་དངོས་ཐོག་བདེན་འཚོལ་དང་། བཅས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་བ། རྩ་ལག་མཉམ་བཅོས་བཅས་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ལྷ་སའི་སྐྱིད་ཆུའི་ཉི་འོད་གླིང་ཕྲན་དུམ་བུའི་་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ངོ་མ་བྱས་ཏེ།ཆུ་དང་གྲོང་ཁྱེར་མཉམ་འདྲེས་དང་མི་དང་ཆུ་མཉམ་བརྟེན་གྱི་ས་མཐོའི་ཆུའི་རིག་གནས་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་སྤྱི་གཞོན་པ་ལི་ཅང་ཤིན། གྲོང་སྤྱི་གཞོན་པ་ཀའོ་ཅུན་བཅས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ནང་ཞུགས་ཡོད་པ་རེད།
ལྷ་སའི་སྐྱིད་ཆུའི་ཉི་འོད་གླིང་ཕྲན་དུམ་བུར་ཤའོ་ཡིའུ་ཚའེ་གཙང་པོའི་རྒྱུད་དུ་བསྐྱོད་དེ་ཆུ་ལམ་གྱི་ཆུའི་ཁོར་ཡུག་དང་། ངོགས་གཉིས་ཀྱི་སྔོ་འགྱུར་མཛེས་ལྗོངས། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་རྗེས་མའི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་སྐྱིད་ཆུའི་ནང་གི་སྐྱིད་ཆུའི་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་གྲོང་ཁྱེར་གྱི་གཟུགས་བརྙན་དང་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ཡིན་ལ་དམངས་འཚོའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་སྟེ།
ཁྲིམས་འགལ་གྱི་གནད་དོན་ལ་བཅོས་སྒྲིག་ནན་པོ་བྱེད་དགོས། ཁོངས་གཏོགས་ཀྱི་འགན་འཁྲི་ནན་ཏུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གཙང་པོའི་ནང་གང་བྱུང་གིས་ས་བཟུང་བ་དང་། གང་བྱུང་དུ་སྔོག་པ། གང་བྱུང་དུ་སྤུང་བ། གང་བྱུང་དུ་འཛུགས་སྐྲུན་བཅས་ཟང་ཟིང་བཞིའི་མངོན་གསལ་དོད་པའི་་གནད་དོན་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ་ཆུ་ངོགས་ཀྱི་ལམ་ཐིག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་དང་སྒྲིག་འགལ་གྱི་གནད་དོན་ཐོན་ཚེ།རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཟིལ་གནོན་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ།
ཆུ་ལམ་གྱི་ཁོར་ཡུག་ལ་བཅོས་སྐྱོང་ཆེན་པོ་བྱེད་དགོས། ཆུ་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཆུ་ལམ་གྱི་གད་སྙིགས་གཙང་སེལ་དང་འདམ་རྫབ་གཙང་སེལ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་གཙང་ཆུ་དྭངས་གཙང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མིག་སྔར་སྒྱུར་བཅོས་དང་ཡུན་རིང་འཛུཊ་སྐྱོང་གཉིས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཆུ་རྒྱུད་ལ་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ་འཁོར་རྒྱུག་ཆེན་པོ་དང་། འཁོར་རྒྱུག་ཕྲ་མོ་གཤོང་བ། འབབ་རྒྱུད་ཡོངས་ཤར་གཏོང་བཅས་ཐུབ་པར་བྱེད་དགོས།
སྐྱིད་ཆུའི་རྒྱུད་ཀྱི་རྐང་ཐང་ལམ་རིམ་སྤོར་ཤུགས་ཆེན་བྱེད་དགོས། ཞིབ་ཆར་སྣང་ཆེན་དང་ཡག་ཐོག་ཡག་རྩེག་མཐའ་འཁྱོངས་བྱས་ནས་དམངས་འདུན་ལ་ཉེ་བཅར་དང་དམངས་སེམས་ལ་བསྟུན་ཏེ་འབད་བརྩོན་ལྷོད་མེད་བྱས་ནས་སྐྱིད་ཆུའི་རྒྱུད་ཀྱི་རྐང་ཐང་ལམ་གྱི་རྣམ་པ་ལེགས་སུ་བཏང་ནས་གྲོང་མི་མང་ཚོགས་ཀྱི་སྤྲོ་གསེང་ངལ་གསོའི་ཉམས་ལེན་དང་སྐྱིད་སྣང་སྔར་བས་ཆེ་རུ་གཏོང་དགོས།
སྔོ་ཁེབས་སྔོ་ལྗང་ཅན་ལ་བརྟག་དཔྱད་ཆེན་པོ་བྱེད་དགོས། ཆུ་ཡུར་བཅོས་སྐྱོང་དང་ངོགས་གཉིས་ཀྱི་སྔོ་ལྗང་རིམ་སྤོར་ལ་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ་སྔོ་ཁེབས་ལ་ཡལ་བཞུར་རྒྱག་པ་དང་། གསར་བརྗེས། བདག་སྐྱོང་། དོ་དམ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གཞི་གཅིག་ཅན་དུ་འགྱུར་བའི་ཆུ་ཡུར་མཛེས་ལྗོངས་ཁུལ་གཏོད་དེ་གྲོང་ཁྱེར་གྱི་གཟུགས་བརྙན་གོང་མཐོར་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社