ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་6ཚེས་1ཉིན་ནས་བཟུང་། རང་གྲོང་གིས《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་འདོགས་པ།ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》དངོས་སུ་ལག་བསྟར་བྱས་ཤིང་། དེའི་ནང་བཟོ་ལས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ནི་བཟོ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཐོན་འཕར་ལ་སྐུལ་འདེད་གཏོང་རྒྱུ་ཞེས་པ་དེ་ཡིན་པ་དང་། དེར་ཁེ་ལས་ལ་ཕན་པའི་རོགས་སྐྱོར་སྲིད་ཇུས་དོན་ཚན་གསུམ་བཏོན་པ་སྟེ། གཅིག་ནི། བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། གཉིས་ནི། གཙོ་གནད་བཟོ་ལས་བར་གྱི་ཐོན་རྫས་ཉོ་སྒྲུབ་དང་དེ་བཞིན་བཟོ་ལས་ཐོན་རྫས་བོད་ནས་ཕྱིར་གཏོང་བའི་ཐད་དེ་མཚུངས་ཀྱི་ཁ་གསབ་སྤྲད་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མ་གནས་དམའ་རུ་གཏོང་རྒྱུ། གསུམ་ནི། ཁེ་ལས་འཕེལ་རྒྱས་ཀྱི་གདིང་ཤུགས་ཆེ་རུ་བཏང་སྟེ། ལྷ་སའི་ཁྱད་ལྡན་ཐོན་ལས་ཡག་པོ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།
《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》ཀྱིས་བཟོ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཐོན་འཕར་ལ་སྐུལ་འདེད་གཏོང་བའི་ཐད། བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་ཚིགས་དེར་དུས་མཚུངས་ལས་སྒོར་ཁྲི་500ནས་ཁྲི་1000བར་འཕར་བའམ་ཡང་ན་དུས་མཚུངས་ལས་བརྒྱ་ཆ་15ནས་བརྒྱ་ཆ་20བར་འཕར་བའི་རིགས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ་ཡིན་པ་དང་། ཐོན་རྫས་རིན་ཐང་བསྡོམས་འབོར་དུས་ཚིགས་དེར་དུས་མཚུངས་ལས་སྒོར་ཁྲི་1000ཡན་འཕར་བའམ་ཡང་ན་དུས་མཚུངས་ལས་བརྒྱ་ཆ་20ཡན་འཕར་བའི་རིགས་ལ་ཐེངས་གཅིག་རང་བཞིན་གྱི་སྒོར་ཁྲི་30བྱ་དགའ་སྤྲོད་རྒྱུ། གཙོ་གནད་བར་གྱི་ཐོན་རྫས་ཉོ་སྒྲུབ་ཀྱི་ཆེད་དོན་རོགས་སྐྱོར་བྱ་སྤྱོད་ལག་བསྟར་བྱས་ཏེ། དུས་ཚིགས་དེར་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་60ཡན་ཟིན་ཚེ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ། བཟོ་ལས་ཁེ་ལས་ཀྱི་ཐོན་རྫས(གཏེར་ལས་སྔོག་འདོན་ཐོན་རྫས་ཚུད་མེད)ལོ་འཁོར་གྱི་བོད་ནས་བཏང་བའི་དངོས་ཡོད་ཀྱི་སྐྱེལ་འདྲེན་གླ་ཆ་སྒོར་ཁྲི་20ནས་ཁྲི་100བར་དང་། སྒོར་ཁྲི་100ཡན་ནས་སྒོར་ཁྲི་200བར། སྒོར་ཁྲི་200ཡན་ནས་སྒོར300བར་བཅས་ཡིན་ཚེ། ཁག་སོ་སོར་བོད་ནས་ཕྱིར་གཏོང་བའི་དངོས་ཡོད་གདལ་གླའི་བརྒྱ་ཆ་20དང་། བརྒྱ་ཆ་30 བརྒྱ་ཆ40བཅས་ཀྱི་ཁ་གསབ་སྤྲོད་རྒྱུ། ལྷ་ས་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་དཔལ་འབྱོར་འཁོར་སྐྱོད་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལུའེ་ཀྲི་ཡོན་གྱིས་སྲིད་ཇུས་ཁྱབ་བསྒྲགས་བྱས་རྗེས། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社