分享按钮

སྒོ་དབྱེའི་མཉམ་ལས་ཀྱིས་ཀྲུང་གོའི་བར་སྣང་གི“གྲོགས་ཚོམས”མུ་མཐུད་ནས་རྒྱ་ཆེར་བཏང་བ།

ཀྲུང་གོ་དང་ཧྥ་རན་སིའི་གནམ་དཔྱད་སྲུང་སྐར་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཚེས་22ཉིན་ཀྲུང་གོའི་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། སྲུང་སྐར་འདི་ནི་ཀྲུང་གོ་དང་ཧྥ་རན་སིའི་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་ཐོག་རིགས་པས་ཁུངས་སྐྱེལ་དང་ཞིབ་འཇུག་གསར་བཟོ་བྱས་པའི་བར་སྣང་ཚན་རིག་སྲུང་སྐར་ཞིག་ཡིན་པ་དང་།ཀཱ་མ་པའོ་འཕྲོ་ཐོག་གི་འབར་གས་དོན་རྐྱེན་འཚོལ་ཞིབ་བྱེད་པའི་ལས་འགན་གལ་ཆེན་ཞིག་སྤེལ་རྒྱུ་ཡིན་པ་རེད།

ཀྲུང་གོ་དང་ཧྥ་རན་སིའི་གནམ་དཔྱད་སྲུང་སྐར་ནི་རྒྱལ་ཁབ་གཉིས་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན། ཀྲུང་གོ་དང་ཧྥ་རན་སིས་འཇིག་རྟེན་འཕུར་སྐྱོད་ཐད་མཉམ་ལས་བྱས་ནས་ཡུན་རིང་སོང་བ་དང་།1977ལོར་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལག་རྩལ་འཐུས་ཚབ་ཚོགས་པས་ཧྥ་རན་སིའི་མཁའ་དབྱིངས་ཚན་རྩལ་ཞིབ་འཇུག་ལས་ཁུངས་ལ་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་ཀྱིས་འཇིག་རྟེན་འཕུར་བསྐྱོད་ཁྱབ་ཁོངས་སུ་ཡུན་རིང་མཉམ་ལས་བྱེད་འགོ་བརྩམས་པ་རེད། 1997ལོར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མཉམ་ལས་ཡིག་གེར་མིང་རྟགས་བཀོད་པ་ནས་བཟུང་། ཀྲུང་གོ་དང་ཧྥ་རན་སིས་ས་གནས་ལ་ལྟ་དཔྱད་ཚད་འཇལ་དང་།བར་སྣང་དུ་རྟོག་ཞིབ་ཚད་ལེན།སྲུང་སྐར་ཞིབ་འཇུག་གསར་བཟོ། ཟླ་བའི་གོ་ལར་འཚོལ་ཞིབ།མི་བཞུགས་འཇིག་རྟེན་འཕུར་སྐྱོད་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཇེ་མགྱོགས་སུ་བཏང་བས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།2018ལོའི་ཟླ་10པར་ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཞིབ་བཟོ་བྱས་པའི་སྲུང་སྐར་ཐོག་མ་སྟེ་ཀྲུང་གོ་དང་ཧྥ་རན་སིའི་རྒྱ་མཚོ་ཆེན་པོའི་སྲུང་སྐར་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་རེད།2023ལོའི་ཟླ་4པར་ཧྥ་རན་སིའི་སྲིད་འཛིན་མ་ཁེ་ལུང་གིས་ཀྲུང་གོར་འཚམས་འདྲི་གནང་རིང་ཀྲུང་གོས་ཧྥ་རན་སེར་ཚན་རིག་ཐད་སྤྱོད་པའི་ཟླ་བའི་གོ་ལའི་དཔེ་མཚོན་ཁེ་1.5སྤྲད་དེ་རྒྱལ་ཁབ་གཉིས་པོའི་ཚན་རིག་མཁས་ཅན་གྱིས་འཇིག་རྟེན་གྱི་གསང་བ་སྔར་བས་འཚོལ་ཞིབ་བྱེད་རོགས་བྱས་པ་རེད། འདི་ལོའི་ཟླ་6པར་ཟླ་བའི་ལྷ་མོ་ཨང་དྲུག་པའི་འཚོལ་ཞིབ་ཡོ་བྱད་ནང་ཧྥ་རན་སེའི་ཟླ་བའི་གོ་ལའི་ཏུང་རླངས་འཚོལ་ཞིབ་ཡོ་བྱད་བླུགས་ནས་ཟླ་བའི་གོ་ལའི་ཐོག་བབས་པ་དེ་ནི་ཀྲུང་གོ་དང་ཧྥ་རན་སིས་ཟླ་བའི་གོ་ལར་རྟོག་ཞིབ་བྱེད་པའི་མཉམ་ལས་བྱེད་ཐེངས་དང་པོ་དེ་ཡིན་ལ་ཧྥ་རན་སེའི་ཟླ་བའི་གོ་ལར་བབས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་རྣམ་གྲངས་ཐོག་མ་དེའང་ཡིན་པ་རེད།

ཀྲུང་གོ་དང་ཧྥ་རན་སིས་ལག་གདང་སྦྲེལ་ནས་བར་སྣང་ཁམས་སུ་འཚོལ་ཞིབ་བྱེད་པ་ནི་ཀྲུང་གོ་དང་རྒྱལ་ཁབ་ཁག་གིས་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་བསྡུས་རིས་ཤིག་དང་། ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཚོལ་ཞིབ་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་རེད། དུས་ཡུན་རིང་པོའི་ནང་། ཀྲུང་གོས་འདྲ་མཉམ་གཉིས་ཕན་དང་།ཞི་བས་བེད་སྤྱོད།ཁོང་ཡངས་ཀྱིས་འཕེལ་རྒྱས་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་འཇིག་རྟེན་འཕུར་སྐྱོད་ཐད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཡོད། ན་ནིང་། ཀྲུང་གོས་ཟླ་བའི་ལྷ་མོ་ཨང་ལྔ་པའི་ཟླ་བའི་གོ་ལའི་ཚན་རིག་ཞིབ་འཇུག་གི་དངོས་དཔེ་རྒྱལ་སྤྱིར་སྒོ་དབྱེ་བྱ་རྒྱུའི་རེ་ཞུ་བྱས་པ་དང་། རྒྱལ་ཁབ་ཁག་གི་ཚན་རིག་པས་ཐུན་མོང་ཐོག་ཞིབ་འཇུག་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཟླ་བའི་ལྷ་མོ་ཨང་དྲུག་པའི“རྒྱལ་སྤྱིའི་རྣམ་པ”ཕུན་སུམ་ཚོགས་པ་དང་། ཧྥ་རན་སེའི་ཟླ་བའི་གོ་ལའི་ཏུང་རླངས་འཚོལ་ཞིབ་ཡོ་བྱད་ཕུད་ད་དུང་ཡོ་རོབ་མཁའ་དབྱིངས་ཅུས་ཀྱི་ཟླ་བའི་ངོས་ཀྱི་གྱེས་རྡུལ་དབྱེ་ཞིབ་ཡོ་བྱད་དང་། དབྱི་ཐ་ལིའི་སྐུལ་འོད་ཟུར་ལྡོག་འཕྲོ་ཆས། ཕ་ཁི་སི་ཐན་གྱི་སྐར་མ་ལངས་གཟུགས་སོགས་རྒྱལ་སྤྱིའི་ཐེག་ཁུར་བླུགས་ནས་མཉམ་དུ་ཚན་རིག་དང་མཐུན་པའི་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད། ཀྲུང་གོས་ད་དུང་འཛམ་གླིང་ཡོངས་ལ་གདན་ཞུ་བྱས་ནས་ཞི་བདེའི་ངང་བར་སྣང་བེད་སྤྱོད་བྱ་རྒྱུར་གཞོལ་བའི་རྒྱལ་ཁབ་དང་ས་ཁུལ་ཚང་མས་ཀྲུང་གོ་དང་མཉམ་ལས་བྱས་ཏེ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་འཕུར་སྐྱོད་ལས་འགན་ནང་མཉམ་དུ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཕྱི་རིམ་བར་སྣང་ལས་དོན་སིའི་སི་ཀྲང་ཧོ་ལ་མའེ་ཉིས་ཀྲུང་གོ་ནི་བརྩི་འཇོག་ཆེན་པོ་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་།ཀྲུང་གོ་ཕྱོགས་དང་ཞི་བདེའི་ངང་ཕྱི་རིམ་མཁའ་དབྱིངས་སྤྱོད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འཇིག་རྟེན་འཕུར་སྐྱོད་ལག་རྩལ་དེ་བས་ལེགས་པར་སྤྱད་དེ་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཀྲུང་གོའི་བར་སྣང་གི“གྲོགས་ཚོམས”ནི་ཕྱི་བཀག་ནང་སྡོམ་གྱི“སྤྲོ་སྐྱིད་ཁང”ཞིག་མིན་ལ་ཕྱི་རྒྱལ་ཟུར་འབུད་གཏོང་བའི“གྲོགས་ཚོམས་ཆུང་ངུ”ཞིག་དེ་བས་ཀྱང་མིན། ཀྲུང་གོས་རྒྱལ་ཁབ་ཚང་མར་མཐོང་ཆུང་མི་བྱེད་པར་ཞི་བདེའི་ངང་མཁའ་དབྱིངས་སྤྱོད་རྒྱུའི་ནང་ཞུགས་པའི་དབང་ཆ་ལོངས་སུ་སྤྱོད་ཀྱི་ཡོད་པ་དང་།འཇིག་རྟེན་འཕུར་སྐྱོད་ཀྱི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་དང་། པར་ཙིར་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་སའི་གོ་ལའི་ཐོན་ཁུངས་འཚོལ་ཞིབ་སྲུང་སྐར་གྱིས་ཚ་བ་ཆེ་ཞིང་ཆར་ཆུ་མང་སའི་ནགས་ཚལ་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ལོ་སིར“ལོ་སིའི་ཨང་དང་པོ”འཕྲིན་གཏོང་སྲུང་སྐར་གྱིས་ཐག་རིང་གི་རི་གྲོང་ཚོར་རྒྱང་ཁྲིད་སློབ་གསོའི་བརྡ་རྟགས་མཁོ་འདོན་བྱེད་པ། ཐ་ཅི་ཁེ་སི་ཐན་དུ་ས་ལེ་ཙི་མཚེའུ་ཡི་རགས་ཆེན་དོ་དམ་མི་སྣས་བྱང་སྐར་སྲུང་སྐར་གྱི་མ་ལག་སྤྱད་དེ་རགས་ཆེན་གྱི་དབྱིབས་འགྱུར་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་བྱ་རྒྱུ་དེ་བར་སྣང་འཚོལ་ཞིབ་ནང་ནང་འདྲེན་བྱས་པས་དགའ་བསུ་དང་དང་ལེན་རྒྱ་ཁྱབ་བྱུང་ཡོད་པ་རེད།

ཀྲུང་གོ་དང་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ཀྱི་གཏམ་བཟང་གང་སར་ཡང་ཡང་ཁྱབ་པ་དང་བསྟུན་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི“གྲོགས་ཚོམས”རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། 2023ལོའི་ཟླ་11བར་ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་50ལྷག་ཙམ་དང་སྲིད་གཞུང་དབར་གྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གྲོས་མཐུན་150ལྷག་ཙམ་བཞག་ཡོད། ཀྲུང་གོས་ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་གོང་བུར་འགྲིལ་རྒྱུར་འབད་བརྩོན་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་ཚང་མ་བར་སྣང་འཚོལ་ཞིབ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་ཞུགས་སུ་བཅུག་ནས་རྒྱལ་ཁབ་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན། བར་སྣང་འཚོལ་ཞིབ་ནི་དུས་ཡུན་རིང་བ་དང་། འགྲོ་གྲོན་ཆེ་བ། དཀའ་ཚེགས་ཆེ་བ་བཅས་ཡིན་པས་རྒྱལ་ཁབ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་སྒོ་དབྱེའི་མཉམ་ལས་ཀྱི་བར་སྣང་གི“གྲོགས་ཚོམས”བསྐྲུན་ཚེ་གཞི་ནས་མིའི་རིགས་ཀྱིས་འཇིག་རྟེན་འཚོལ་ཞིབ་བྱེད་པའི་གོམ་སྟབས་དེ་བས་རིང་བ་སྤོ་ཐུབ།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་འབྱོར་བའི་གློག་འཕྲིན)

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-24 6 6 拉萨日报藏文 c183176.html 1 སྒོ་དབྱེའི་མཉམ་ལས་ཀྱིས་ཀྲུང་གོའི་བར་སྣང་གི“གྲོགས་ཚོམས”མུ་མཐུད་ནས་རྒྱ་ཆེར་བཏང་བ། /enpproperty-->