ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། གསར་འགོད་པས་ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར་ཕིང་ཡོན་རྫོང་གི་འགོག་གསུམ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་21ཉིན་གྱི་ཆུ་ཚོད་15བར། ས་ཆ་དེགར་ཆར་པ་མང་པོ་བབས་པའི་རྐྱེན་གྱིས་རྫོང་དེར་གནོད་འཚེ་ཕོག་ནས་མི་གྲངས་38རྐྱེན་ལམ་དུ་ཤོར་བ་དང་མི་2དང་འབྲེལ་བ་ཆད་པ་རེད།
ཟླ་4ཚེས་4ཉིན་འབྲུབ་ཆུའི་དུས་མཚམས་ཟིན་ཚུན། ཕིང་ཡོན་རྫོང་དུ་རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧོ་སྨི་1221.6ཟིན་པ་དེ་ལོ་རེའི་དུས་མཚུངས་ལས་ལྡབ་གཅིག་གིས་མང་བ་ཡོད་པ་དང་། ལྷག་པར་དུ་ཟླ་6ཚེས་16ཉིན་གྱི་ཆུ་ཚོད་8ནས་20བར། རྫོང་ཡོངས་སུ་ཡོངས་ཁྱབ་ཏུ་དྲག་ཆར་བབས་པ་དང་ས་ཆ་ཁ་ཤས་སུ་ཆེས་ཆེ་བའི་དྲག་ཆར་བབས་ནས་འབབ་ཚད་ཧའོ་སྨི་199.1ཟིན་པ་དང་། ཆར་ཆུ་འབབ་ཚད་ཧའོ་སྨི་300ལས་བརྒལ་བའི་གྲོང་རྡལ་4དང་ཧའོ་སྨི་200ལས་བརྒལ་བའི་གྲོང་རྡལ་8ཡོད་པ་དེའི་ནང་སི་ཧྲུའེ་གྲོང་རྡལ་ལ་ཧའོ་སྨི་365.7ཟིན་ཡོད་པ་རེད། དུས་ཡུན་ཐུང་ངུའི་ནང་དྲག་ཆར་བབས་ནས་རི་ཉིལ་བ་དང་། ཆུ་ལོག་གི་ཞོད་སྐྱོན། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གི་གནོད་འཚེ་ཕོག་ནས་སི་ཧྲུའེ་དང་། ཧྲང་ཅུ། ཁྲ་ཀན། རེན་ཅུ། ཏུང་ཧྲི། པ་ཁྲེ། ཀྲུང་ཧང་། ཧོ་ཐོའུ་སོགས་ཤང་དང་གྲོང་རྡལ་8ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད།
བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཕིང་ཡོན་རྫོང་གི་གནོད་འཚེ་ཕོག་པའི་མི་གྲངས་55388དང་། ཁང་པ་2247བརྡིབས་པ། ཁང་མིག་3203ལ་གནོད་འཚེ་ཚབས་ཆེན་ཕོག་པ། གཞུང་ལམ་ཀྱི་གནས་4697བརྡིབས་པ། གཞུང་ལམ་གྱི་རྨང་གཞི་དང་ལམ་ངོས་སྤྱི་ལེ་356ལ་གཏོར་སྐྱོན་ཕོག་པ། གཞུང་ལམ་གྱི་གནས་82མཚམས་ཆད་པ། ཟམ་པ་111ལ་གནོད་འཚེ་ཕོག་པ། འཕྲིན་གཏོང་རྨང་གཞིའི་འབབ་ཚུགས་107མཚམས་ཆད་པ། འཕྲིན་གཏོང་གི་གློག་སྐུད་སྤྱི་ལེ་651ལ་སྐྱོན་ཆ་བྱུང་བ་དང་མཚམས་ཆད་པ། གློག་གཏོང་སྒྲིག་བཀོད་450ལ་སྐྱོན་ཆ་བྱུང་བ། གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་ལས་གྲྭའི་གནས་168ལ་སྤྱོན་ཆ་བྱུང་བ། ཆུ་འདྲེན་མདོང་ལམ་སྤྱི་ལེ་303འཕྲོ་བརླག་སོང་བ། ཆུ་གཏོང་མདོང་ལམ་སྤྱི་ལེ་193འཕྲོ་བརླག་སོང་བ། ཆུ་རགས་སྤྱི་ལེ་3.2ལ་སྐྱོན་ཆ་བྱུང་བ། ཆུ་ངོགས་ཀྱི་སྤྱི་ལེ་31.2ལ་སྐྱོན་ཆ་བྱུང་བ། གློག་ཁང་86ཆུའི་ནང་ལུས་པ། ཞིང་ལས་ཀྱི་ལོ་ཏོག་སྤྱི་ཆིང་6759ལ་གནོད་སྐྱོན་ཕོག་པ། ཆུ་ཐོན་གསོ་ཚགས་སྤྱི་ཆིང་452ལ་གནོད་འཚེ་ཕོག་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད།
གནོད་འཚེ་ཐོན་རྗེས། ཕིང་ཡོན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་མི་སྣར་རོགས་སྐྱོབ་དང་། སྤོ་སྒྱུར་བཀོད་སྒྲིག སྒྲིག་བཀོད་མྱུར་གསོ། གཙང་སྦྲ་དང་དུག་སེལ་སོགས་འཕྲལ་སྡོམ་ཐག་གཅོད་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་པ་རེད། མིག་སྔར། རྫོང་ཡོངས་ཀྱི་ཉེན་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社