ཁྲུང་ཆིང་དང་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་མཉམ་སྦྲེལ་ སྙོམས་སྒྲིག་དང་མཉམ་སྦྲེལ་ཚོད་ལྟའི་དུས་མཚམས་སུ་སླེབས་པ།
ཟླ་6ཚེས་21ཉིན་གྱི་སྔ་དྲོ། ཞིབ་དཔྱད་མེ་འཁོར་དེ་ཁྲུང་ཆིང་ས་ཚིགས་ནུབ་མ་ནས་ཐོན་པ་དང་ཆབས་ཅིག་གསར་དུ་བསྐྲུན་པའི་ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ས་ཚིགས་ནུབ་མ་ནས་དབྱི་པིན་ཤར་དུམ་བུའི་བར་གྱི་ལྕགས་ལམ་མཉམ་སྦྲེལ་སྙོམས་སྒྲིག་དང་མཉམ་སྦྲེལ་ཚོད་ལྟ་བྱེད་འགོ་བཙུགས་ཏེ་ལས་གྲྭ་ཞིབ་བཤེར་རྩིས་ལེན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ནས་ལམ་ཐིག་ཧྲིལ་པོ་སྔ་ཙམ་ཤར་གཏོང་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། ཁྲུང་ཆིང་དང་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཡོངས་ལྕགས་ལམ་དྲ་བའི་གཞུང་བརྒྱད་འཕྲེད་བརྒྱད་ཀྱི་བགྲོད་ལམ་གཙོ་བོའི་གྲས་ཤིག་ཡིན་པའི་པེ་ཅིང་ནས་ཁུན་མིང་བར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་ཡོད། ཁྲུང་ཆིང་དང་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་བསྐྲུན་རྗེས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གྱི་འཁོར་རྒྱ་དང་ཡུན་ནན་དབུས་རྒྱུད་ས་ཁུལ་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། ཁྲུང་ཆིང་ནས་ཁུན་མིང་བར་ལྕགས་ལམ་ལ་བསྡད་ནས་ཡུལ་སྐོར་དུ་ཡོང་མཁན་གྱི་དུས་ཚོད་ཆེས་ཆེར་ཐུང་དུ་གཏོང་བ་དང་། ལམ་རྒྱུད་མང་ཚོགས་ཀྱི་ཡུལ་སྐོར་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་ཡིན་པ་རེད། པར་འདི་ནི་ཉིན་དེར་ཞིབ་བཤེར་ཚད་ལེན་གྱི་མེ་འཁོར་ཁྲུང་ཆིང་དང་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་སྐྱོད་བཞིན་པའི་རྣམ་པ་ཡིན་པ།(མི་མེད་གནམ་གྲུས་པར་བླངས)(ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང) (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)