(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ནི་ཀ་ལ་པིའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་རེད་ལ། ས་གནས་དེ་གའི་ཀྲུང་གོའི་མཉམ་ལས་ཀྱི་རོགས་ཟླ་ཞིག་ཀྱང་རེད། ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཕན་ཚུན་ཆབ་སྲིད་ཐད་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ང་རང་གིས་ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་འབྲེལ་བའི་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྲིད་འཛིན་མཁྱེན་ལྡན་མ་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དེ་གོ་སྐབས་སུ་བྱས་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཕྱོགས་ཁག་གི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཁྱོན་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
ཁན་ཅ་ལུའུ་ཡིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་ཀྲུང་གོའི་དབར་གྱི་ཕྱི་འབྲེལ་ནི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་དང་མཉམ་ལས་གོང་འཕེལ་གཏོང་བའི་ཐུན་མོང་གི་རེ་འདུན་ཐོག་ཆགས་པ་ཞིག་ཡིན། དུས་ཡུན་རིང་པོ་ནས་བཟུང་། ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བརྗེད་མེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་བཏང་ཡོད། དུས་སྐབས་གསར་པའི་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་ཀྲུང་གོའི་འབྲེལ་བ་ལས་རྒྱལ་ཁབ་གཉིས་པོར་ཕན་པ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་སྲིད་བློན་ལུའོ་ལི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད། ལི་ཆང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ནི་ཀ་ལི་པི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ནས་ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ཕྱོགས་དང་ལྷན་དུ་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་དང་གཏིང་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ལུའོ་ལི་ཡིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་ཀྲུང་གོའི་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ནང་སྲིད་ཐད་ཕན་ཚུན་ཐེ་ཇུས་མི་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པས། ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་ཡོད། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་མང་ཚོགས་དུས་བདེ་ཞི་འཇགས་དང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུར་སྐུལ་འདེད་གཏོང་ཆེད་དམ་པ་དོན་དུ་གཉེར་འདོད་ཡོད་ཅེས་གསུངས་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社