ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་རྒན་རྒོན་དང་བྱིས་པའི་ཚོགས་སྤྱིར་ཞབས་འདེགས་ཞུ་ཆེད། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་འོ་བརྒྱལ་ཐང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་དང་། སྐྱེ་རྒ་ན་འཆི། ལས་བརྩོན་བདེ་འཁོད་བཅས་ཀྱི་འགན་འཁྲི་གཙོ་བོར་དམིགས་ཏེ་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་གནས་ཡུལ་བེད་སྤྱོད་ཡག་པོ་བྱས་ནས་ཕྱོགས་གསུམ་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་ཞབས་ཞུ་ནང་འདྲེན་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། བྱིས་པ་བཅས་ལ་ཞབས་འདེགས་ཞུ་རྒྱུ་རེད། ཉེ་ཆར་འོ་བརྒྱལ་ཐང་སྡེ་ཁུལ་གྱི་ཟ་ཁང་ལས་གཉེར་བྱེད་འགོ་ཚུགས་པ་རེད།
སྡེ་ཁུལ་གྱི་ཟ་ཁང་དུ་སྐྱོད་སྐབས། ནང་ཁུལ་གྱི་མཛེས་བཟོ་སྟབས་བདེ་ཞིང་། ཁོར་ཡུག་སྐྱིད་སྣང་དོད་པ། གཙང་སྦྲ་ཡག་པོ་ཡོད། ཟས་སྣོད་དུག་སེལ་སྒམ་དང་སྒྲོག་ཙེ་སོགས་ཀྱི་སྒྲིག་ཆས་ཚང་མ་འཛོམས་ཡོད་པ་རེད། ཟ་ཁང་དུ་སི་ཁྲོན་གྱི་ཚལ་གཙོ་བོར་བྱས་ཡོད་མོད། ཡིན་ནའང་། རྒན་རྒོན་མང་ཆེ་བའི་སོ་ཡག་པོ་མེད་པར་གཞིགས་ནས་ཚལ་མང་ཆེ་བ་ཞག་ཚིལ་ཉུང་བ་དང་མཁྲེགས་པོ་མེད། གཡོས་སྦྱོར་བྱེད་སྟངས་ནི་སྣུམ་དང་། ཚྭ། མངར་ཆ་བཅས་ཉུང་བ་ཡོད་པར་མ་ཟད། རིན་གོང་ཡང་དམངས་ཀྱི་འདོད་བློ་དང་འཚམ་པོ་ཡོད། ཟ་ཁང་གིས་ད་དུང་སྡེ་ཁུལ་དེའི་ལོ་70ཡན་གྱི་རྒན་རྒོན་གྱིས་རིན་སྤྲོད་མི་དགོས་པར་ཟ་མ་བཟས་ཆོག་པ་དང་དབང་པོ་སྐྱོན་ཅན་ལ་རིན་མེད་ངང་ཟ་མ་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ཟ་མ་བཟའ་བར་ཡོང་མཁན་གྱི་མི་ཚང་མར་རིན་མེད་ངལ་གསོ་རྒྱག་ས་དང་། ཇ་དང་ཆུ། Wifiབཅས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
འོ་བརྒྱལ་ཐང་སྡེ་ཁུལ་གྱི་གྲོང་མི་བགྲེས་སོང་བཀྲ་ཤིས་གཡང་འཛོམས་ཀྱིས་ཕྲུ་གུ་ལས་ཀ་གྲོལ་ནས་ཁ་ལག་བཟོ་ཁོམ་མེད་ཚེ་སྡེ་ཁུལ་གྱི་ཟ་ཁང་ནས་ཁ་ལག་ཟ་ཆོག་པས་ཁ་ལག་གི་རིན་གོང་ཁེ་ལ་འཕྲོད་བསྟེན་སོགས་ཕྱོགས་གང་ཅིའི་ཐད་ཡག་པོ་ཡོད། ང་ཚོ་རྒན་རྒོན་ཚོ་ཉིན་ལྟར་སྔ་དྲོ་ཕྱི་ལ་སོང་ནས་སྐོར་བ་རེ་བརྒྱབ་རྗེས་ཟ་ཁང་དུ་ཐད་ཀར་ཉིན་གུང་གི་ཁ་ལག་ཟ་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།
གཞན་ཡང་འོ་བརྒྱལ་ཐང་སྡེ་ཁུལ་གྱིས་རིམ་སྤོར་སྒྱུར་བཀོད་བྱས་པ་བརྒྱུད་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་སྨི་ངོས་གྲུ་570ཙམ་ཡོད་པའི་ས་ཆ་དེ“ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལྟེ་གནས”སུ་བསྐྲུན་ནས་ཁོངས་གཏོགས་ཁུལ་གྱི་དབང་སྐྱོན་བྱིས་པར་བདེ་ཐང་དང་། སྐྱིད་སྣང་དོད་པ། ཆེད་ལས་བཅས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུ་མཁོ་འདོན་བྱས་ཏེ་འཕུར་མཉེད་དངོས་བཅོས་འཕྲུལ་ཆས་ཅན་དང་ཚན་རིག་ཅན་དུ་འགྱུར་བ་བྱུང་ཡོད། “དམར་སེར་སྔོན་པོ་ཞའོ་ཧོ་ཞོན་འཚར་ལོངས་ལྟེ་གནས”ཀྱི་བྱིས་སྐྱོང་སྒྲིག་གཞི་ནང་འདྲེན་བྱས་པ་བརྒྱུད་ཆེད་ལས་ཀྱི་ཞབས་ཞུའི་འདུ་ཤེས་དང་ཞབས་ཞུའི་སྤུས་ཚད་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རོགས་རམ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ལས་ཀར་འགྲོ་མཁན་གྱི་གྲོང་མི་ལས་བཟོ་བའི་ཕྲུ་གུ་བདག་སྐྱོང་བྱེད་མཁན་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
འོ་བརྒྱལ་ཐང་སྡེ་ཁུལ་གྱི་སྤྱི་ཚོགས་ལས་དོན་པ་ཕེའོ་ཀྲི་ཨེན་གྱིས་ང་ཚོའི་སྡེ་ཁུལ་གྱིས་རྒན་རྒོན་ལ་དམིགས་ཏེ་དྲོ་སྐྱིད་ལྡན་པའི་ཟ་ཁང་མཁོ་འདོན་བྱས་ནས་ལོ་60ནས་70བར་གྱི་རྒན་རྒོན་ཚོགས་སྤྱིར་ཁ་ལག་སྟེར་བའི་ཞབས་ཞུ་མཁོ་འདོན་བྱས་ཡོད་ལ། མངག་ཉོ་སྐྱེལ་མཁན་དང་གད་པར་ཡང་རིན་གོང་ཕྱེད་ཀའི་ཁ་ལག་དང་ངལ་གསོ་ཁུལ་མཁོ་འདོན་བྱས་ཡོད། བྱིས་པར་དམིགས་ཏེ་ང་ཚོས་སྤྱི་ཚོགས་རྩ་འཛུགས་བརྒྱུད་ཆེད་ལས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཁོངས་གཏོགས་ཁུལ་གྱི་བྱིས་པར་སྐྱོན་བྲལ་དང་སྐྱིད་སྣང་དོད་པའི་འཚར་ལོངས་ཀྱི་ཁོར་ཡུག་མཁོ་འདོན་བྱས་ཡོད་ཅེས་བཤད།
(དཔལ་སྐྱབས་རྒྱལ་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社